ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག།

གཞི་རྟེན་ཤེས་ཡོན་དང་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པའི་ཐོབ་ལམ་ གཅིག་མཚུངས་བཟོ་ནིའི་གྲོས་འཆར།

༉ ཤེས་རིག་ལྷན་ཁག་གིས་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་དང་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ སློབ་སྟོན་པ་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ཞི་གཡོག་པའི་གྲངས་སུ་ ཐོ་བཀོད་འབད་ཞིནམ་ལས་ ཐོབ་ཐངས་ཚུ་ཡང་ ཞི་གཡོགཔ་ཚུ་དང་ གཅིག་མཚུངས་བཟོ་ནིའི་དོན་ལུ་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་རྗེས་སྒང་རྩེ་ཟ་གི་འཐུས་མི་ ཀརྨ་རྡོ་རྗེ་གིས་ ཞུ་མའི་ནང་ ཧེ་མ་ སློབ་སྟོན་འབད་ནི་གི་ གོ་སྐབས་མ་ཐོབ་མི་ རྒས་ཤོས་ཚུ་གི་དོན་ལུ་ གཞི་རྟེན་ཤེས་ཡོན་དང་ ཨ་ལོ་ཆུང་ཀུ་ཚུ་གི་དོན་ལས་ གཅེས་སྐྱོང་ལྟེ་བ་ཚུ་ གཞི་བཙུགས་འབད་མིའི་ནང་ སློབ་སྟོན་པ་ཚུ་ དངུལ་ཕོགས་རྐྱངམ་གཅིག་མ་གཏོགས་ ཟུར་ཕོགས་དང་ དགོངས་ཞུའི་འཐུས་ཚུ་ ཐོབ་ཐངས་མེདཔ་ལས་ ཤེས་རིག་གི་ཁ་ཐུག་ལས་ ཐོབ་ཐངས་ཀྱི་སྲིད་བྱུས་ ག་ཅི་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་པའི་སྐབས་ལུ་ གསལ་ཞུ་འབད་ཡི།
འཐུས་མི་ཀརྨ་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་རྒྱལ་ཁབ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་བསྡོམས་༣༠༧ ནང་ སློབ་སྟོན་པ་༦༧༢ དེ་ལས་ གཞི་རྟེན་ཤེས་ཡོན་ལྟེ་བ་༥༧༤ ཡོད་མི་ཚུ་ནང་ སློབ་སྟོན་པ་༥༦༥ ཡོད་ཟེར་ཞུ་ཡི།
སློབ་སྟོན་པ་ཚུ་ ལོ་ངོ་༢༠ ལས་བཅད་དེ་ ལཱ་འབད་རུང་ མཐའན་མཇུག་ཁར་ལྷོདཔ་ད་ ཐོབ་ཐངས་ག་ཅི་ཡང་ མེད་ནི་དེ་གིས་ ལཱ་ལུ་སེམས་ཤུགས་ ཉམས་ནི་མས་ཟེར་ ཞུ་ཡི།
དེ་མ་ཚད་ ད་རེས་ནངས་པ་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་དེ་ ས་གནས་གཞུང་གི་ བཙག་འཐུ་ལ་སོགས་པ་ཚུ་ནང་ བཅའ་མར་གཏོགས་མི་ཡོདཔ་ལས་ དེ་གིས་ མི་སེར་ལུ་ ཕན་ཐོགས་སྦོམ་བྱུང་སར་ མཐོངམ་མས་ཟེར་ འཐུས་མི་ཀརྨ་རྡོ་རྗེ་གིས་ ཞུ་ཡི།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་ནང་ འགན་ཁུར་གཙོ་ཅན་ཁག་༣ ཡོད་མི་དེ་ཡང་ ཨ་ལོ་བུཚ་ཚུ་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༢ པ་ཚུན་ ཤེས་ཡོན་བྱིན་མི་ སློབ་དཔོན་དང་ གཉིས་པ་ འབྲུག་པའི་མི་སེར་ ཧེ་མ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་མ་ཐོབ་མི་ཚུ་གི་དོན་ལུ་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྦྱོང་འབད་མི་སློབ་སྟོན་པ་ དེ་ལས་ གསུམ་པའི་ཐད་ཁར་ ན་ཆུང་སྐྱོས་ལོ་༣ ལས་༥ འབད་མི་ ཨ་ལོ་ཚུ་ལུ་ གཅེས་སྐྱོང་དང་ཞབས་ཏོག་བྱིན་མི་གི་ སློབ་དཔོན་ཚུ་ཨིན་ཟེར་ ཞུ་ཡི།
ཨ་ལོ་གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པ་ཚུ་གིས་ དང་པ་ ཤེས་རིག་གི་གཞི་འགྱམ་ བཙུགས་དོ་ཡོདཔ་མ་ཚད་ གཉིས་པ་ཟེརཝ་ད་ ཕྱག་ཞུ་བའི་སྐབས་ ཕམ་བཟུམ་དང་སློབ་དཔོན་ དེ་ལས་ ཨ་ལོ་ལྟ་མི་བཟུམ་སྦེ་ ཕྱག་ཞུཝ་ཨིན་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ཚུ་གིས་ཡང་ མི་སྦོམ་ཚུ་ལུ་ ཤེས་ཡོན་བྱིན་དོ་ཡོདཔ་ལས་ འགན་ཁུར་འབག་པའི་སྐབས་ གདོང་ལེན་སྦོམ་ཡོདཔ་ཤེས་ཟེར་ཟེར་ ཞུ་ཡི།
ཁོང་གི་ཐོབ་ལམ་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༤,༥༠༠ དང་ སྤྱི་ལོ་༢༠༠༩ ལུ་ ཡར་སེང་འབད་དེ་ དངུལ་ཀྲམ་༦,༠༠༠ དེ་ལས་ མཐའན་མཇུག་ཁར་ སྤྱི་ལོ་༢༠༡༤ ལུ་ དངུལ་ཕོགས་ཡར་སེང་གནང་སྟེ་ ད་ལྟོ་ དངུལ་ཀྲམ་༨,༤༠༠ ཐོབ་དོ་ཟེར་ཟེར་ ཞུ་ཡི།
ཁོང་གི་དངུལ་ཕོགས་དེ་ ཉིན་བསྟར་གྱི་ རྩིས་རྐྱབ་པ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་༢༨༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ད་ལྟོ་ སློབ་སྟོན་པ་ཚུ་ ཞི་གཡོགཔ་མེནམ་ལས་ དགོངས་ཞུའི་ཐོབ་ལམ་ཚུ་ མིན་འདུག་ཟེར་ ཞུ་ཡི།
ཁོང་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ཡང་ དངུལ་ཕོགས་དེ་གིས་ མ་ལང་པའི་དཀའ་ངལ་དང་ དགོངསམ་ཞུ་བའི་སྐབས་ ཐོབ་ལམ་མེད་མི་དེ་ ཁོང་ལུ་ ཚ་གྱང་ཅན་ཅིག་ཨིན་པའི་ལོ་རྒྱུས་ཚུ་ བཤད་དེས་ཟེར་ ཞུ་ཡི།
དེ་འབདཝ་ལས་ ལྷན་ཁག་གིས་ ཁོང་གི་དཀའ་ངལ་ལུ་གཟིགས་ཏེ་ དང་པ་ སློབ་སྟོན་པ་ཚུ་ ཞི་གཡོགཔ་གི་གྲངས་སུ་ བཙུགས་དགོ་པའི་འོས་འབབ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ དེ་སྦེ་བཙུགས་ནི་ཟེར་བའི་སྐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འཁྲིལ་དགོ་ནི་དེ་གིས་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ སློབ་སྟོན་པ་ཚུ་ ཞི་གཡོག་པའི་གྲངས་སུ་བཙུགས་ནིའི་ གྲོས་འཆར་ཅིག་ ལྷན་ཚོགས་ལུ་ བཙུགས་ཏེ་ཡོད་ཟེར་ཟེར་ ཞུ་ཡི།
དེ་སྦེ་བཙུགས་ཚུགས་པ་ཅིན་ སློབ་སྟོན་པ་ཚུ་ སྡེ་རིམ་ཨེསི་༥ ཨེ་ནང་ བཙུགས་ནི་སྦེ་ཨིནམ་ད་ ག་དེམ་ཅིག་སྦེ་ བཙུགས་ཚུགས་པ་ཅིན་ ཁོང་ལུ་ཐོབ་ལམ་ཡང་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༡༣,༣༥༠ མ་ཚད་ དགོངས་ཞུའི་ཐོབ་ལམ་ཡང་ ཞི་གཡོགཔ་གཞན་ཚུ་བཟུམ་སྦེ་ འཐོབ་ཚུགས་ཟེར་ བློན་པོ་གིས་ ཞུ་ཡི།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་འབད་རུང་ ལྷན་ཁག་གིས་ཕུལ་མི་ གྲོས་འཆར་དེ་ལུ་ ཆ་འཇོག་འབད་ནིའི་ རེ་བ་བསྐྱེད་དོ་ཟེར་ཟེར་ ཞུ་ཡི།
ག་དེམ་ཅིག་སྦེ་ ད་ལྟོ་ འབད་མ་ཚུགསཔ་འཐོན་སོ་པ་ཅིན་ གཞུང་གིས་ འཆར་གཞི་༡༢ པའི་ནང་ དངུལ་ཕོགས་ལྷན་ཚོགས་འཚོགས་པའི་སྐབས་ ཁོང་དང་འཕྱད་དེ་ གོ་སྐབས་འཚོལ་དགོཔ་ ཁག་ཆེ་བས་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *