ཁ་སྐོང་ཤེས་ཡོན་ལྷབ་མི་ཚུ།

གཞི་རྟེན་ཤེས་ཡོན་གྱིས་ ལ་མཐོ་སར་ སྡོད་མི་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༉ ཕྱི་རུ་ཁམས་ཅིག་ཁར་ ཚོང་ཁང་ནང་ ཚོང་ཆས་ཉོ་བར་འོང་མི་ མི་སེར་ཚུ་དང་ འཚབ་འཚབ་རིལ་རི་སྦེ་ སྡོད་པའི་བར་ན་ སྐྱེས་ལོ་༣༠ ལང་མི་ བསྟན་འཛིན་སྒྲོལ་མ་གིས་ དུས་ཚོད་བཏོན་ཏེ་ ཐབ་ཀྱི་རྩ་བར་ སྡོད་ཞིནམ་ལས་ ཁྱིམ་ལཱ་རྐྱབ་སར་ མཐོང་གསལ་བྱུངམ་མས།
སྐྱེས་ལོ་༣༠ ལང་མི་ ཨ་ལོ་༢ ཀྱི་ཨའི་ བསྟན་འཛིན་སྒྲོལ་མ་གིས་ གཞི་རྟེན་ཤེས་ཡོན་ལྷབ་སྦྱང་འབད་དེ་ ལོ་༣ ལང་ཡོདཔ་བཞིན་དུ་ མོ་ར་ འབྲི་ལྷག་གི་ ཤེས་ཡོན་ལྷབ་ནི་ལུ་ སྙིང་རུས་བསྐྱེད་མི་ཅིག་ཨིན་པས།
ཐིམ་ཕུག་སྲོས་རྒེད་འོག་བདག་སྐྱོང་ཡིག་ཚང་གི་ ཉེ་འདབས་ལུ་ རང་ལུགས་ཀྱི་ ཁྱིམ་ཐོག་༡ འབད་མི་ བསྟན་འཛིན་སྒྲོལ་མའི་ཁྱིམ་ནང་ ཚོང་ཁང་བཙུགས་ཏེ་ཡོད་མིའི་ནང་ལས་ ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་དང་ ལྟ་བཤལཔ་ དེ་ལས་ ཡར་མར་རྒྱུན་འགྲུལ་འཐབ་མི་ ཞི་གཡོགཔ་ཚུ་གིས་ བཟའ་འཐུང་གི་རིགས་ཚུ་ ཉོ་འབགཔ་ཨིན་པས།
སྲོས་རྒེད་འོག་དེ་ སྤ་རོ་བཙན་ཏོག་རྒེད་འོག་ ཤ་ན་གཡུས་ཚན་ལས་ རྐང་སྟོང་སྦེ་ ཉིན་གྲངས་༢ ལམ་འགྱོ་དགོ་པའི་ ས་གནས་དང་ ཇོ་མོ་ལྷ་རིའི་རྩ་བར་ ཆགས་ཏེ་འདུག།
གཞི་རྟེན་ཤེས་ཡོན་ལྷབ་སྦྱང་མ་འབད་བའི་ཧེ་མར་ ཉིན་བསྟར་བཞིན་དུ་ ཚོང་ཉོ་མི་དང་ ཏི་རུ་བསྐྱི་མི་ དེ་ལས་ འོང་རྩིས་ཚུ་ བཞག་མ་ཚུགས་པའི་ གདོང་ལེན་བྱུང་ཡོད་རུང་ ད་རེས་ ཐོ་བཀོད་འབད་ནི་དང་ རྩིས་བཞག་ནི་ལུ་ ལྷན་ཐབས་རྒྱ་ཆེཝ་སྦེ་ བྱུང་སྟེ་ཡོད་ཟེར་ ཨ་ལོ་༢ ཀྱི་ ཨའི་གིས་ བཤདཔ་ཨིན་པས།
བསྟན་འཛིན་སྒྲོལ་མ་གིས་ ལོ་༡༠ གྱི་ཧེ་མར་ གཞི་རྟེན་ཤེས་ཡོན་ལྷབ་ནི་ འགོ་བཙུགས་ཏེ་ ཟླཝ་༢ ལངམ་ད་ ཨ་ལོ་ཆགས་སོཔ་ལས་ འབྲི་ལྷག་གི་ ཤེས་ཡོན་འཕྲོ་མཐུད་ ལྷབ་མ་ཚུགས་རུང་ སྤྱི་ལོ་༢༠༡༧ ལུ་ རྒེད་འོག་ནང་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ཅིག་ འོང་དོ་ཡོད་པའི་ ལོ་རྒྱུས་གོ་བའི་ཤུལ་ལས་ མིང་ཐོ་བཀོད་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ གཞི་རྟེན་ཤེས་ཡོན་ལྷབ་དགོ་པའི་ གདན་དོན་གཙོ་བོ་ར་ མི་ཚེ་ནང་ འབྲི་ལྷག་ཤེས་ཡོན་ཡོད་པ་ཅིན་ རོགས་ལུ་བརྟེན་མ་དགོ་པར་ རང་དབང་ཐོག་ལས་ ལྕོགས་གྲུབ་བཏོན་ནི་དང་ རིག་རྩལ་ལྡནམ་སྦེ་ སྡོད་ཚུགསཔ་མ་ཚད་ བྱ་སྤྱོད་ག་ཅི་འབད་རུང་ དལ་དབང་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གཞི་རྟེན་ཤེས་ཡོན་ལུ་བརྟེན་ ད་རེས་ ཚོང་ཆས་ག་ཅི་ འབག་འོང་རུང་ ཐོ་བཀོད་འབད་ཚུགསཔ་མ་ཚད་ ཉིན་བསྟར་བཞིན་དུ་ རྩིས་བཞག་ཚུགས་པའི་ཁར་ རྩིས་རྐྱབ་ནི་དང་ ཕབ་ནི་ཚུ་ཡང་ འགྲུལ་འཕྲིན་ནང་ འབད་ཚུགས་པས་ཟེར་ བསྟན་འཛིན་སྒྲོལ་མ་གིས་ བཤདཔ་ཨིན་པས།
འབྲི་ལྷག་གི་ ཤེས་ཡོན་ཐོབ་མི་ལུ་བརྟེན་ འདས་པའི་ལོ་༢༠ གི་རིང་ གནག་དུང་ནང་སྡོད་མི་ལས་ ད་རིས་ ཚེས་བཅོ་ལྔའི་ཟླཝ་ཤར་དོ་བཟུམ་མའི་ ཉམས་སྣང་བྱུང་སྟེ་ཡོད་ཟེར་ མོ་གིས་ དགའ་འཛུམ་དང་བཅསཔ་སྦེ་ བཤདཔ་ཨིན་པས།
མོ་བཟུམ་སྦེ་ ད་རུང་ གཞི་རྟེན་ཤེས་ཡོན་ལྷབ་མི་༥ ཡོད་མི་ལས་༡ ཕོ་སྐྱེས་ཨིན་པས།


རྒྱལ་ཁབ་ནང་ གཞི་རྟེན་ཤེས་ཡོན་གྱི་ ལས་རིམ་དང་པ་ར་ སྤྱི་ལོ་༡༩༩༠ ལུ་ སློབ་གྲྭའི་ཤེས་ཡོན་ལྷབ་སྦྱང་འབད་ནིའི་ གོ་སྐབས་མ་ཐོབ་མི་ སྐྱེས་ལོ་༡༥ ཡན་ཆད་འབད་མི་ཚུ་གི་དོན་ལུ་ གཞི་བཙུགས་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ འབྲུག་མི་མང་ཤོས་ཅིག་ལུ་ ཁེ་ཕན་བྱུང་སྟེ་ཡོད་མི་དེ་ཡང་ གཞི་རྟེན་དང་ ཁ་སྐོང་ཤེས་ཡོན་གྱི་ གོ་སྐབས་བྱིན་ནི་དེ་གིས་ཟེར་ཨིན་པས།
ད་རེས་ སྲོས་རྒེད་འོག་ནང་ལྷབ་མི་ སློབ་སྦྱོང་པ་ཚུ་གིས་ ཁ་སྐོང་ཤེས་ཡོན་ལྷབ་པའི་བསྒང་ཡོདཔ་ད་ ཁོང་གིས་ གསོ་བ་དང་ ཤེས་རིག་ སོ་ནམ་ དེ་ལས་ སྒོ་ནོར་གྱི་ཆོས་ཚན་ཚུ་ལུ་ གཙོ་རིམ་བཟུངམ་ཨིན་པས།
ཁ་སྐོང་ཤེས་ཡོན་ལུ་བརྟེན་ བཟའ་ཚང་བདེ་ཏོག་ཏོ་སྦེ་ འཛིན་སྐྱོང་འཐབ་ནི་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ བསྟན་འཛིན་སྒྲོལ་མ་གིས་ བཤདཔ་མ་ཚད་ གསོ་བའི་ཤེས་ཡོན་ཐོག་ལས་ གཟུགས་ཁམས་འཕྲོད་བསྟེན་ཚུ་ གཙང་སྦྲ་དང་ལྡནམ་སྦེ་བཞག་ཚུགས་པའི་ཁར་ མཐའ་འཁོར་ཧིང་སངས་ས་ བཞག་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༣༨ ལང་མི་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ ཚེ་རིང་གཡང་འཛོམས་ཀྱིས་ དྲོ་པའི་ཆུ་ཚོད་༡༡ ལས་ ཕྱི་རུའི་ཆུ་ཚོད་༢ ཚུན་ བདུན་རིམ་བཞིན་དུ་ དཔེ་ཆ་སྟོནམ་མ་ཚད་ རེ་ཚེ་སྐབས་ དུས་ཚོད་མངམ་སྦེ་ སྟོན་མི་དེ་ སློབ་ཕྲུག་ཚུ་གི་ རེ་འདོད་དང་འཁྲིལ་ཨིན་ཟེར་ སླབ་ཨིན་པས།
སྤྱི་ལོ་༢༠༠༤ ལུ་ སློབ་རིམ་༡༠ པ་མཇུག་བསྡུ་སྟེ་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་སྦེ་འཛུལ་མི་ ཚེ་རིང་གཡང་འཛོམས་ཀྱིས་ སྤྱི་ལོ་༢༠༡༧ གྱི་ཧེ་མར་ ཧཱ་དང་ སྤུ་ན་ཁ་རྫོང་ཁག་༢ ནང་ ལོ་༡༥ འི་རིང་ གཞི་རྟེན་ཤེས་ཡོན་སློབ་སྟོན་འབད་ཡོདཔ་ད་ ད་རེས་ ཁ་སྐོང་ཤེས་ཡོན་གྱི་ སློབ་སྟོན་ཚུ་ རྫོང་ཁ་དང་ ཨིང་སྐད་གཉིས་ཆ་རའི་ཐོག་ལུ་ དཔེ་ཆ་སྟོནམ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ གཞི་རྟེན་ཤེས་ཡོན་ལྷབ་སྦྱང་ལས་ མཐར་འཁྱོལ་མི་༣༤༣ གྱིས་ ས་གནས་གཞུང་གི་ མི་སྡེའི་འགོ་ཁྲིདཔ་ནང་ བཅའ་མར་གཏོགས་མི་ལས་༡༥༡ བཙག་འཐུ་གྲུབ་སྟེ་ ས་གནས་གཞུང་དང་ མི་སེར་ལུ་ ཕྱག་ཞུ་ནུག།
ཚེ་རིང་གཡང་འཛོམས་ཀྱིས་ སླབ་མིའི་ནང་ ཧཱ་དང་ སྤུ་ན་ཁ་རྫོང་ཁག་ནང་ གཞི་རྟེན་ཤེས་ཡོན་ལྷབ་མི་ སློབ་ཕྲུག་ཚུ་གིས་ ད་རེས་ མི་སྡེ་འགོ་ཁྲིད་པའི་ འགན་ཁུར་འབག་སྟེ་ རྒེད་འོག་དང་ གཡུས་སྒོ་སོ་སོ་ཚུ་ནང་ ཕྱག་ལེགས་ཤོམ་སྦེ་ ཞུ་དོ་ཡོདཔ་ལས་ མོ་ར་ དཔའ་ཉམས་བསྐྱེདཔ་མ་ཚད་ མོ་གི་ གོ་གནས་ལུ་ ཡིད་ཆེས་འདྲོངས་ཚུགས་པས་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ཡེ་ཤེས་ཆོས་སྒྲོན་དེ་ ཁ་སྐོང་ཤེས་ཡོན་ལྷབ་མིའི་གྲས་ལས་ ཆུང་ཤོས་ཅིག་ཨིནམ་ད་ མོ་གིས་ ལུགས་མཐུན་ཤེས་ཡོན་ལྷབ་ནིའི་ གོ་སྐབས་ཐོབ་མ་ཚུགས་རུང་ མི་ཚེ་ནང་ གཞི་རྟེན་ཤེས་ཡོན་ལྷབ་མི་དེ་ གོ་སྐབས་བཟང་པོ་ཅིག་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་ལུ་ གཞི་རྟེན་ཤེས་ཡོན་གྱི་ རིག་རྩལ་དགོཔ་ གལ་ཆེ་ཟེར་ཨིན་པས།
དཔེ་ཆ་ལྷབ་མིའི་ ཁྱད་པར་དེ་ མོ་ར་ སྤ་རོ་དང་ ཐིམ་ཕུག་ཁྲོམ་ནང་འགྱོཝ་ད་ ཤེས་ཚུགས་མི་དེ་ཡང་ བརྡ་བྱང་དང་ བརྡ་འཕྲིན་ བརྡ་རྟགས་ཚུ་ ལྷབ་སྟེ་ གོ་བ་ལེན་ཚུགསཔ་མ་ཚད་ ལ་ལོ་ཅིག་ ཟིན་འབྲི་བཏབ་ནི་དང་ སེམས་ཁར་བཞག་ནི་ དེ་ལས་ ཨང་གྲངས་ཚུ་ ཤེས་ཚུགསཔ་ལས་ དཔའ་ཉམས་བསྐྱེད་ཚུགས་པས་ཟེར་ བཤདཔ་ཨིན་པས།
དཔེ་ཆ་ལྷབ་མི་ཚུ་གི་གྲས་ལས་ རྒན་ཤོས་ར་ སྐྱེས་ལོ་༥༥ ལང་མི་ བཟངམོ་དེ་ཨིནམ་ད་ མོ་ར་ ལོ་ན་རྒས་ནི་དེ་གིས་ གཞོན་ཤོས་ཚུ་དང་ དོ་འགྲན་འབད་མ་ཚུགས་རུང་ ཁ་ཐུན་གཏང་ནིའི་དོན་ལུ་ གཞི་རྟེན་ཤེས་ཡོན་ནང་ འཛུལ་ཡོདཔ་བཞིན་དུ་ སྨན་ཁང་ནང་འགྱོ་རུང་ ཐོགས་ཆགས་མེདཔ་སྦེ་ ཨང་གྲངས་ཚུ་ ཤེས་ཚུགས་པས་ཟེར་ བཤདཔ་ཨིན་པས།
བཟངམོ་ལུ་ གཡག་༦༠ ཡོད་མི་ཚུ་ ནོར་གྱི་བྱང་སར་ ཨ་ལོ་ཚུ་གིས་ བལྟ་དོ་ཡོདཔ་ད་ མོ་གིས་ རྫོང་ཁ་ལྷག་ཚུགསཔ་མ་ཚད་ རྩིས་ཚུ་ཡང་ དུམ་གྲ་རེ་ རྐྱབ་ཚུགས་ཡོདཔ་ལས་ རྒེད་འོག་ནང་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་སྡོད་རིང་ཚུན་ དཔེ་ཆ་འཕྲོ་མཐུད་དེ་ལྷབ་ནི་ཟེར་ བཤདཔ་ཨིན་པས།
ལོ་བསྟར་ཤེས་རིག་གནས་སྡུད་༢༠༡༨ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་༥༦༠ ལུ་ སློབ་ཕྲུག་༦,༠༡༧ ཡོད་མི་ལས་༤,༢༢༩ ཨམ་སྲུ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། གླིང་བཞི།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *