གཞི་རྟེན་མཐུན་རྐྱེན་ མཁོ་སྤྲོད་འབད་མ་ཚུགས་པའི་དཀའ་ངལ།

༉ རྒྱལ་ས་ལྟེ་བ་ ཐིམ་ཕུག་དེ་ གོང་འཕེལ་མགྱོགས་དྲགས་འགྱོ་བའི་ ཁྲོམ་སྡེ་ཅིག་ཨིནམ་བཞིན་དུ་ འདས་པའི་ལོ་ངོ་བཅུ་ཕྲག་༢ ཀྱི་ནང་ འགྱུར་བ་ག་དེ་སྦེ་ར་ སོང་ཡོདཔ་ཨིན་ན་ ག་བ་དྲགཔ་སྦེ་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གི་ ཤེས་གསལ་ལུ་ཡོདཔ་ཨིན།
ཨིན་རུང་ གོང་འཕེལ་དང་གཅིག་ཁར་ ཐིམ་ཕུག་ཁྲོམ་སྡེ་ནང་ སྡོད་མི་ཚུ་ལུ་ དཀའ་ངལ་དང་ གདོང་ལེན་ཚུ་ཡང་ རྣམ་པ་སྣ་ཚོགས་ བྱུང་སྟེ་ཡོད་མི་དེ་ཡང་ སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་དང་ འཐུང་ཆུ་བཀྲམ་སྤེལ་ལངམ་མེདཔ་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་མ་ཚུགས་པའི་ གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་ བྱུང་སྟེ་ཡོདཔ་ཨིན།
དེ་ཚུ་ག་ར་ འཆར་གཞི་ཚུལ་ལྡན་སྦེ་ ལག་ལེན་མ་འཐབ་པའི་ སྐྱོན་ལུ་བརྟེན་ཨིན་མས།
གཞི་རྟེན་མཐུན་རྐྱེན་གོང་འཕེལ་ལུ་བརྟེན་ མི་སྡེ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་དགོཔ་ཨིན་རུང་ ཐིམ་ཕུག་བཟུ་མའི་ དཔལ་འབྱོར་ལྟེ་བ་ཚུ་ནང་ མི་སྡེའི་འཕོ་འགྱུར་དང་འཁྲིལ་ གཞི་རྟེན་མཐུན་རྐྱེན་གྱིས་ ཁྱབ་མ་ཚུགསཔ་དང་ ཞབས་ཏོག་ལེགས་ཤོམ་སྦེ་ གྲུབ་མ་ཚུགས་པར་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ གྲོང་གཡུས་ལས་ ཁྲོམ་སྡེ་ལུ་ གནས་སྤོ་འོང་མི་དེ་གིས་ གཞི་རྟེན་ཁང་དང་ མི་སྡེའི་མཐུན་རྐྱེན་ཚུ་ལུ་ ཨུ་ཚུགས་སྦོམ་བྱུང་རུང་ ཁྲོམ་སྡེའི་ཁ་ཐུག་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ འཐུང་ཆུ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་མཁོ་སྤྲོད་འབད་མ་ཚུགས་མི་ལུ་ལྟཝ་ད་ ཁྲོམ་སྡེའི་ལྕོགས་གྲུབ་མེད་པའི་ བརྡ་མཚོན་སྟོནམ་མས།
འཕྲལ་ཁམས་ཅིག་ཁར་བཏོན་མི་ མཐའ་འཁོར་གནས་སྟངས་དང་ རྩིས་ཞིབ་སྙན་ཞུ་ཚུ་ནང་ ཐིམ་ཕུག་ལུ་ ཞབས་ཏོག་ས་ཁོངས་བརྒྱ་ཆ་༣༠ ནང་རྐྱངམ་གཅིག་ དུས་ཡུན་ཆུ་ཚོད་༢༤ གི་རིང་ འཐུང་ཆུའི་ཐོབ་སྤྱོད་ཡོད་རུང་ ས་ཁོངས་གཞན་ཚུ་ནང་ འཐུང་ཆུ་དུས་ཡུན་ཆུ་ཚོད་༣ དང་༨ ཀྱི་བར་ན་མ་གཏོགས་ ཐོབ་ནི་མིན་འདུག་ཟེར་བཀོད་ནུག།
འབྲུག་འདི་ ཆུ་འབོལ་དྲགས་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་རུང་ གཞི་རྟེན་མཐུན་རྐྱེན་ འཐུང་ཆུ་ལངམ་སྦེ་ བགོ་བཀྲམ་འབད་མ་ཚུགས་པ་ཅིན་ ཁྲིམ་སྡེ་འཛིན་སྐྱོང་འཐབ་མི་དང་ འཆར་གཞི་རྩམ་མི་ཚུ་གི་ཧོངས་ལས་ འཐུས་ཤོར་བྱུང་པའི་ ཆ་རྐྱེན་ཅིག་ཨིན་མས།
ད་རུང་ ཁྲོམ་སྡེ་ལུ་བྱུང་མི་ དཀའ་ངལ་གཞན་དེ་ ཁང་གླར་རན་ཏོག་ཏོ་སྦེ་ ཐོབ་མི་ཚུགས་དོ་ཡོདཔ་ལས་ དེ་ལུ་ཡང་ གཙོ་རིམ་བཟུང་དགོཔ་ཡོདཔ་ད་ ཁྱིམ་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་ལུ་ སྲིད་བྱུས་ལམ་སྟོན་ སྒྲིང་སྒྲི་དང་ དྭངས་གསལ་ཅན་ཅིག་ དགོ་ནི་ཨིན་མས།
དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་དང་ བཙོག་གཡུར་ལག་ལུགས་ ཚུལ་ལྡན་སྦེ་ དམ་འཛིན་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ཐིམ་ཕུག་ཁྲོམ་སྡེ་ནང་ མི་འབོར་༡༠༠,༠༠༠ དེ་ཅིག་ཡོད་པའི་ ནམ་དུས་ལུ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་པ་ཅིན་ ལོ་ངོ་བཅུ་ཕྲག་༡ གི་རྒྱབ་ལས་ སྤྱི་ལོ་༢༠༢༧ ལུ་ ཐིམ་ཕུག་གི་མི་འབོར་༡༦༠,༠༠༠ ལུ་ ལྷོད་པའི་བསྒང་ལས་ ཉིནམ་རེ་ལུ་ འཐུང་ཆུ་ལི་ཊར་ས་ཡ་༣.༡ དེ་ཅིག་གིས་ ལང་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་བཟུམ་འདུག་ཟེར་ མཐའ་འཁོར་གནས་སྟངས་ཀྱི་ བརྟག་ཞིབ་སྙན་ཞུ་ཟིན་བྲིས་ནང་བཀོད་ནུག།
འདི་བཟུམ་སྦེ་ ད་རེས་ནངས་པར་ ཐིམ་ཁྲོམ་ནང་ ཉིནམ་རེ་ལུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༩༩ དེ་རེ་ ཐོན་སྐྱེད་འབད་མི་དེ་ སྤྱི་ལོ་༢༠༢༧ ལུ་ མེ་ཊིག་ཊཱོན་༡༢༤ ལུ་ ཡར་འཕར་འགྱོ་ནི་གི་ཨིནམ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ དཀའ་ངལ་དེ་ ཚབས་ཆེན་ཅིག་ལུ་ འགྱུར་ནི་དང་ དེ་དང་བསྟུན་པའི་ གཟུགས་ཁམས་འཕྲོད་བསྟེན་གྱི་ གདོང་ལེན་ཚུ་ཡང་ འབྱུང་ནི་ཨིན་མས།
དེ་བཟུམ་སྦེ་ ཐིམ་ཕུག་ལུང་ཕྱོགས་ནང་ སྣུམ་འཁོར་གྱི་ གྱངས་ཁ་ཡང་ ཡང་སེར་འགྱོ་དོ་ཡོདཔ་ལས་ ཁྲོམ་གྱི་ས་གོ་དོག་དྲགས་དང་ སྣུམ་འཁོར་བཞག་སའི་ ས་ཁོངས་མ་ཐོབ་པའི་ དཀའ་ངལ་བྱུང་མི་དེ་ འབྲེལ་ཡོད་དབང་འཛིན་ དཔེར་ན་ ཞབས་ཏོག་ལྷན་ཁག་དང་ ཁྲོམ་སྡེ་གིས་ ཁྲོམ་གཞི་བཀོད་ཀྱི་ འཆར་གཞི་བརྩམས་པའི་ ནམ་དུས་ལུ་ མ་འོངས་ཡུན་རིང་གི་ མཐའ་དོན་ལུ་ མ་བལྟ་བར་ འཕྲལ་གྱི་དགོས་མཁོ་ལུ་བལྟ་སྟེ་ འཆར་གཞི་བརྩམས་ཐོག་ལས་ ལག་ལེན་འཐབ་མི་དང་ སྲིད་བྱུས་ཡོད་རུང་ ལག་ལེན་ནང་ལྷོདཔ་ད་ འཐུས་ཤོར་བྱུང་མི་ལུ་བརྟེན་ཨིན་མས།
མ་གཞི་ སྙན་ཞུ་དང་ བརྟག་ཞིབ་ཚུ་གིས་ འཆར་གཞི་རྩམ་མི་དང་ སྲིད་བྱུས་བཟོ་མི་ཚུ་གི་དོན་ལུ་ བརྡ་དོན་ཅན་གྱི་ ཐག་བཅད་ནི་དང་ ལམ་སྟོན་ལག་ལེན་གྱི་ ལྷན་ཐབས་ལུ་ ཚོད་དཔག་འབདཝ་བཞིན་དུ་ དེ་དང་འཁྲིལ་ ལག་ལེན་འཐབ་པ་ཅིན་ གོང་ལུ་བཀོད་མི་ དཀའ་ངལ་དང་ གདོང་ལེན་ཚུ་ དུམ་གྲ་ཅིག་ སེལ་ཚུགས་ནི་ཨིན་རུང་ སྙན་ཞུ་ཚུ་ལུ་ འབྲེལ་གཏུགས་ཐོག་ བསྟར་སྤྱོད་འབད་མི་ ག་དེམ་ཅིག་འོང་ག་ ཤེས་རྟོགས་འབྱུང་དགོཔ་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *