ཞབས་ཏོག་ལྷན་ཁག་གི་ བཟོ་རིག་འགོ་དཔོན་ཚུ་གིས་ ཞལ་འཛོམས་འཚོགས་པའི་བསྒང་།

གཞི་རྟེན་མཁོ་ཆས་རྒྱུན་སྐྱོང་གི་ ཐབས་བྱུས་ཐོག་ལུ་ གྲོས་བསྡུར་འབད་དོ་ཡོདཔ།

༉ གཞི་རྟེན་མཁོ་ཆས་ཚུ་ གོང་འཕེལ་གཏང་ནི་དང་ མཁོ་སྒྲུབ་འབད་ཞིནམ་ལས་ ཡུན་བརྟན་གནས་ཐབས་དོན་ལུ་ རྒྱུན་སྐྱོང་འཐབ་ནི་དེ་ ཉེན་ཁ་ཅན་ཅིག་ཨིནམ་སྦེ་ བརྩི་འཇོག་འབདཝ་ཨིན་པས།
རྒྱུ་དངོས་རྒྱུན་སྐྱོང་འཐབ་ནི་དེ་ མེད་ཐབས་མེདཔ་ཅིག་སྦེ་ བསམ་ཞིནམ་ལས་ ལག་ལེན་འཐབ་པ་ཅིན་ མ་འོངས་པའི་ནང་ ཟད་འགྲོ་མར་ཕབ་འབད་ཚུགས་ཟེར་ཨིན་པས།
སྤྱི་ལོ་༡༩༦༠ རེ་གྲངས་ལུ་ འབྲུག་རྒྱལ་ཁབ་ནང་ དགོས་མཁོ་བཀོད་མི་དང་ ཞབས་ཏོག་ལེན་མི་དང་འཁྲིལ་ གཞི་རྟེན་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ འགོ་བཙུགས་པའི་མཐར་ བཟོ་སྐྲུན་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་བརྒྱ་ཆ་༡༦.༢༨ ཕན་གྲོགས་འབད་བའི་ཁར་ འབྲུག་མི་བརྒྱ་ཆ་༣.༢ ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ནི་ལུ་ ཁེ་ཕན་བྱུང་སྟེ་འདུག།
ལྷག་པར་དུ་ ས་གནས་མཐའ་ཟུར་ལས་འགོ་བཙུགས་ ཁྲོམ་སྡེ་ཚུན་ གོང་འཕེལ་གཏང་ནིའི་དོན་ལུ་ ཉེ་བར་མཁོ་བའི་ གཞི་རྟེན་མཁོ་ཆས་ཚུ་ གཞུང་གིས་ མཁོ་སྒྲུབ་འབད་མི་ཚུ་ ཁྱད་རིག་དང་ལྡན་པའི་ཐོག་ རྒྱུན་སྐྱོང་འཐབ་ནི་ལུ་ ཉམས་སུ་བླང་དགོཔ་ཨིན་པས།
མཁོ་སྒྲུབ་འབད་བཞག་མི་ རྒྱུ་དངོས་དེ་ རྒྱུན་སྐྱོང་མ་འབད་བར་ རྩ་བ་ལས་ རམ་འགྱོ་ནི་དང་ མེདཔ་མ་འགྱོ་ཚུན་ བཞག་ཞིནམ་ལས་ གསརཔ་སྦེ་ ཚབ་བཙུགས་སྲོལ་ཡོད་མི་དེ་ དང་ཕུ་གི་ གནས་སྟངས་ཅིག་ཨིནམ་ལས་ ལོག་ཉམས་བཅོས་འབདཝ་ད་ལུ་ གཞུང་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་དོ་ཡོདཔ་ཨིན་པས།
ཕྱིའི་རྒྱལ་ཁབ་ཚུ་ནང་ ཡར་རྒྱས་གོང་འཕེལ་མགྱོགས་དྲག་དང་ རྒྱུ་དངོས་ཡུན་བརྟན་གནས་ཚུགས་མི་དེ་ རྒྱུན་སྐྱོང་ལེགས་ཤོམ་འབད་བའི་ བརྡ་མཚོན་ཨིནམ་ལས་ ཞབས་ཏོག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ ནང་ རྒྱུ་དངོས་རྒྱུན་སྐྱོང་འཆར་གཞི་དེ་ བརྩན་ཏོག་ཏོ་དང་ ཡུན་བརྟན་གནས་ཚུགསཔ་སྦེ་ གཞི་བཙུགས་འབད་ནི་ཨིན་པས།
དེ་ཡང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་སྦེ་ ཉིན་གྲངས་༤ གི་རིང་ ཞབས་ཏོག་ལྷན་ཁག་གི་ བཟོ་རིག་འགོ་དཔོན་ རྫོང་ཁག་གི་བཟོ་རིག་འགོ་དཔོན་ མདོ་ཆེན་ བཟོ་རིག་འགོ་དཔོན་གོངམ་དང་ བཟོ་རིག་འགོ་དཔོན་གཙོ་འཛིན་ དེ་ལས་ འཆར་གཞི་འགོ་དཔོན་དང་ ལས་རིམ་འགོ་དཔོན་བཅས་ མི་གྲངས་ ༡༥༠ གིས་ འཆར་གཞི་༡༢ པའི་དོན་ལུ་ གྲོས་གཞི་སྣ་ཚོགས་གུ་ གསུང་གྲོས་གནང་པའི་བསྒང་ཡོདཔ་ཨིན།
སྤྱི་ཟླ་༥ པའི་ཚེས་༨ ལས་༡༡ ཚུན་ ཞབས་ཏོག་གི་ གྲོས་ཚོགས་ཐེངས་༩ པ་དེ་ གཞི་རྟེན་མཁོ་ཆས་རྒྱུན་སྐྱོང་གི་ ཐབས་བྱུས་ཟེར་བའི་ བརྗོད་དོན་ལུ་ གསུང་གྲོས་གནང་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཡང་ འཆར་གཞི་ལེགས་ཤོམ་སྦེ་བརྩམ་དགོ་པའི་སྐོར་ལས་ བཀའ་སློབ་གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *