གཞལམ་སྒང་ལུ་ འགྲོ་འགྲུལ་བཀག་དམ་ ཨ་རྟག་གི་ ལམ་ལུགས་ཅིག་ཨིནམ།

༉ འདས་པའི་ལོ་ནང་ རྒྱལ་ཁབ་ནང་ ནད་ཡམས་ལུ་བརྟེན་པའི་ འགྲོ་འགྲུལ་བཀག་དམ་མ་འབད་བའི་ ཧེ་མ་ལས་ར་ གཞལམ་སྒང་རྫོང་ཁག་དེ་ འགྲོ་འགྲུལ་བཀག་དམ་ཐོག་ལུ་ར་ སྡོད་དགོཔ་བྱུང་ཡི།

དེ་ཡང་ དགེ་ལེགས་ཕུག་ ཨོ་སེ་དང་ ཀྲོང་གསར་ རི་བོ་ཏ་ལ་ལུ་ འཁོར་ལམ་ཚུ་ འཕྲལ་འཕྲལ་སྦེ་ར་ ས་རུད་ཀྱིས་ འཕྱགས་བདའ་ནི་དེ་གིས་ཨིན།

དེའི་གུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ འབད་མི་གིས་མ་ཚད་ འགྲོ་འགྲུལ་བཀག་དམ་གནས་ཡུན་ ཕར་འགྱངས་འབད་མི་ལུ་བརྟེན་ མཐའ་ཟུར་རྫོང་ཁག་ཅིག་ཨིན་མི་ གཞལམ་སྒང་གི་ མི་སེར་ཚུ་ལུ་ འཚོ་བའི་གནས་སྟངས་དང་ ཚོང་འབྲེལ་གྱི་ ཚ་གྱང་ཚུ་ཡང་ སྦོམ་སྦེ་ར་ ལང་དགོཔ་བྱུང་ཡི།

དེ་བཟུམ་སྦེ་ རྫོང་ཁག་དེ་ འཁོར་ལམ་ཆད་མི་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་ཐོག་ལུ་ སྡོད་དགོ་མི་དང་ ནད་ཡམས་ལུ་བརྟེན་པའི་ འགྲོ་འགྲུལ་བཀག་དམ་༢ དུམ་གྲ་ཅིག་ མ་འདྲ་མི་དེ་ཡང་ ནད་ཡམས་ལུ་བརྟེན་པའི་ འགྲོ་འགྲུལ་བཀག་དམ་དེ་ དུས་ཡུན་ཟླཝ་ལས་བཅད་དེ་ ལུས་ནི་དེ་གིས་ཨིན།

འདས་པའི་ལོ་༥ གི་རིང་ ལམ་སེལ་ལས་ཁུངས་ཀྱིས་ དགེ་ལེགས་ཕུག་དང་ ཀྲོང་གསར་བར་ནའི་གཞུང་ལམ་དེ་ ཨ་རྟག་ར་ རྒྱུན་འགྲུལ་ཐོག་ལུ་ བཞག་ནིའི་དོན་ལས་ ལོ་བསྟར་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦.༥ བཏང་ཡོདཔ་མ་ཚད་ ན་ཧིང་འབད་བ་ཅིན་ ཇ་པཱན་གྱི་ རྒྱབ་སྐྱོར་ལས་འགུལ་ཐོག་ལས་ ཟམ་དང་འབྲེལ་བའི་ གཞི་རྟེན་མཁོ་ཆས་ཚུ་ ཡར་དྲག་ཐོག་ལས་ རྐྱབ་ཡོདཔ་ཨིན།

སྤྱི་ལོ་༢༠༢༠ ལུ་ རྒྱུད་འབྲེལ་གྱི་ གཞི་རྟེན་མཁོ་ཆས་ཚུ་ ཡར་དྲག་བཏང་ཡོདཔ་བཞིན་དུ་ ད་ལྟོ་བཟུམ་སྦེ་ འཕྲལ་འཕྲལ་སྦེ་ར་ འཁོར་ལམ་ལུ་བརྟེན་པའི་ འགྲོ་འགྲུལ་བཀག་དམ་ མར་ཕབ་འབད་ཚུགས་པའི་ དུས་སྐབས་ཡང་ མཐོང་ཡོདཔ་ཨིན།

གཞལམ་སྒང་རྫོང་ ཉམས་གསོ་ཞུ་ནིའི་དོན་ལུ་ ཡུན་རིངམོ་སྦེ་ར་ འཆར་གཞི་བརྩམས་ཏེ་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ ད་རེས་ ལས་འགུལ་འཆར་གཞིའི་ གནས་ཚད་ནང་ལྷོད་དེ་ ཡོངས་རྫོགས་ལས་འགུལ་སྙན་ཞུ་ཡང་ བཟོ་ཡོདཔ་ཨིན།

གཞལམ་སྒང་རྫོང་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྫོང་དེ་ རྫོང་ཁག་གི་དོན་ལུ ཁག་ཆེ་དྲགས་ཅིན་ ཨིན་པའི་ཁར་ ཧེ་མ་འབད་རུང་ ཉམས་བཅོས་སྦོམ་ འབད་འབདཝ་མེདཔ་ལས་ འཆར་གཞི་ཚུ་ ལག་ལེན་འཐབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ལོ་དེ་ནང་ ལོ་ངོ་༡༠ གྱི་རྒྱབ་ལས་ ཀྲོང་རྒེད་འོག་གི་ ས་ཆ་ཨེ་ཀར་༢༥༠ ལུ་ ཕན་ཐོགས་ནི་ཨིན་མི་ གསེར་གཞོང་ཞིང་ཆུའི་ ལམ་ལུགས་ཀྱི་དོན་ལུ་ མ་དངུལ་ས་ཡ་༥༠ འབད་མི་དེ་ཡང་ གནང་བ་གྲོལ་ཡི།

གཞལམ་སྒང་གི་ ཁྱིམ་གུང་ག་རའི་ནང་ གློག་མེའི་མཐུན་རྐྱེན་ གཞི་བཙུགས་འབད་ནིའི་ འཆར་གཞི་འོག་ལུ་ ཁྱིམ་གུང་༣༠༠ ན་ཧིང་མཇུག་བསྡུ་ཡི།

ཨིན་རུང་ རྫོང་ཁག་ནང་ དམིགས་བསལ་དུ་ ཆར་ཆུའི་སྐབས་ འཕྲལ་འཕྲལ་སྦེ་ར་ གློག་རྒྱུན་ཆད་པའི་དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ གནས་ནི་ཨིན་པས།

དབང་འདུས་སྒང་དང་ ཏིང་ཏི་སྦིས་བར་ནའི་ ཕྲང་ལམ་དེ་ གཞི་བཙུགས་འབད་མི་དང་འཁྲིལ་ གཞལམ་སྒང་དེ་ མཐའ་ཟུར་ཅིག་ཨིནམ་ལས་ ཚོང་ལམ་ལེགས་ཤོམ་ འགྱོ་མ་བཏུབ་པའི་ཁར་ ཚོང་པ་ལ་ལོ་ཅིག་ དགེ་ལེགས་ཕུག་ལུ་ སྤོ་བཤུད་འབད་ཡོདཔ་ད་ མགྲོན་སྐྱོང་གི་གོ་སྐབས་ཚུ་ཡང་ རྩ་ལས་ར་མེདཔ་ཨིན་པས།

ད་རེས་ ནད་ཡམས་ལུ་བརྟེན་ ས་ནམ་པ་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ དེ་ཚུ་ བསྡུ་བསྒྱོམ་འབད་དེ་ ཁྲོམ་ཁར་བསྐྱལ་ནི་དེ་ དཀའ་ངལ་ཅན་ཅིག་སྦེ་ གནས་ཡོདཔ་ཨིན།

ནང་སྐོར་སྤྱི་འོག་གི་ཚོགས་པ་ ཨོ་རྒྱན་དཔལ་འབྱོར་གྱིས་ སོ་ནམ་པ་ མང་ཤོས་ཅིག་གིས་ ཚོད་བསྲེ་འཛུགས་སྐྱོང་གི་ ལཱ་འབད་དོ་ཡོདཔ་ཨིན་རུང་ ཚོང་འབྲེལ་གྱི་ དཀའ་ངལ་ཚུ་ལུ་བརྟེན་ དབུགས་འགམ་སི་སི་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *