གཞལམ་སྒང་ལུ་ འགྲེམ་ཐོག་ཚོགས་རྒྱན་༢༣༧ ཆ་མེད་བཏང་ཡོདཔ།

སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བཙག་འཐུའི་དོན་ལུ་ ཁ་ཙ་ཚུན་ ས་གནས་ཁག་ཚུ་ནང་ལས་ གཞལམ་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༡,༦༤༨ ལྷོད་མི་ལས་༢༣༧ ཆ་མེད་སོང་ཡི།

ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི ཡིག་ཤུབས་ཀ་པ་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༨ ལས་འགོ་བཙུགས་ ཁ་ཙ་ཕྱི་རུ་ཚུན་ ཕྱི་སེལ་འབད་ཡི།

འགྲེམ་ཐོག་ཚོགས་རྒྱན་༢༣༧ ཆ་མེད་སོང་མིའི་གྲས་ལས་ ཨམ་སྲུ་༤༢ དང་ ཕོ་སྐྱེས་༡༩༥ གི་ ཚོགས་རྒྱན་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ ས་ཁོངས་ཚུ་ལས་ ཕོ་སྐྱེས་༡,༠༦༠ དང་ ཨམ་སྲུ་༩༧༧ འབདཝ་ད་ མི་གྲངས་༢,༠༣༧ གྱིས་ ཚོགས་རྒྱན་བཙུགས་མི་ཚུ་ ཕུད་རྡོག་གཅིག་ཡང་ ཆ་མེད་མ་འགྱོ་བར་ ག་ར་ངོས་ལེན་འབད་ཡི།

ངོས་ལེན་འགོ་དཔོན་ལས་རོགསཔ་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཚུ་ ཕྱི་སེལ་འབད་བའི་སྐབས་ མང་ཤོས་ཅིག་གིས་ སྤྱིར་བཏང་ཡིག་ཤུབས་ནང་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་གསལ་བཀོད་མ་འབད་མི་ལུ་བརྟེན་ ཆ་མེད་བཏང་ཡི་ཟེར་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་བཀང་མི་ ཡིག་ཤུབས་ཁ་པ་དེ་ ད་རིས་ཚོགས་རྒྱན་གྱི་ཉིན་མར་ ཁ་ཕྱེ་ནི་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་བསྐྱལ་མི་ ཕོ་སྐྱེས་༡༦༤ གིས་ ཡིག་ཤུབས་ཀ་པའི་ནང་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་ གསལ་བཀོད་མ་འབད་བའི་ཁར་ ཕོ་སྐྱེས་༡༤ གིས་ དབང་ཚད་ཅན་གྱི་ དཔང་པོའི་མིང་རྟགས་མེད་པར་ ཡིག་ཤུབས་ནང་ བཙུགས་ཡོདཔ་མ་ཚད་ ཕོ་སྐྱེས་༦ གིས་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་ནང་ མིང་རྟགས་མ་བཀོད་མི་ལུ་བརྟེན་ ཆ་མེད་བཏང་ནུག།

དེ་མ་ཚད་ ཕོ་སྐྱེས་ཅིག་གིས་ ཚོགས་རྒྱན་གྱི་ ཡིག་ཤུབས་ནང་ ངོ་སྤྲོད་ལག་ཁྱེར་གྱི་ ཨང་གྲངས་མ་བྲིས་བར་ཡོདཔ་ད་ ཕོ་སྐྱེས་༢ ཀྱིས་ ཡིག་ཤུབས་དེ་སྟོངམ་སྦེ་ བསྐྱལ་ཡོདཔ་ཨིན་པས།

དེ་ལས་ ཨམ་སྲུ་༣༧ གྱིས་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ནང་ན་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་ ངོ་སྦྱོར་མ་འབད་བའི་ཁར་༥ གིས་ དབང་ཚད་ཅན་གྱི་ དཔང་པོ་མེད་པར་ བཏང་ཡོདཔ་ལས་ ཡིག་ཤུབས་ཀ་པ་དེ་ ཆ་མེད་བཏང་དགོཔ་ བྱུང་ཡི་ཟེར་ ངོས་ལེན་འགོ་དཔོན་གྱིས་ བཤད་ཅི།

འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་དེ་ ཆ་མེད་བཏང་པའི་བསྒང་ལས་ ཡིག་ཤུབས་ཁ་པ་ཡང་ རང་བཞིན་གྱིས་ར་ ཆ་མེད་འགྱོཝ་ཨིན་ཟེར་ བསོད་ནམས་དབང་ཕྱུག་གིས་ བཤད་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་དེ་ཡང་ འདེམས་ངོ་ཚུ་གི་ ངོ་ཚབ་འཛོམས་ཐོག་ལས་ ཕྱི་སེལ་འབད་ཡི་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་ནང་བཙུགས་མི་ ཚོགས་རྒྱན་ཚུ་ ཆ་མེད་བཏང་དགོཔ་ མ་བྱུང་མི་དེ་ཡང་ ཚོགས་རྒྱན་བཙུགས་པའི་སྐབས་ དཔང་པོ་སྦེ་ འདེམས་ཁྲི་འགོ་དཔོན་ཚུ་གིས་ འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

གཞལམ་སྒང་རྫོང་ཁག་ནང་ འགྲེམས་ཐོག་ཚོགས་རྒྱན་གྱི་དོན་ལུ་ མི་༤,༨༣༥ གིས་ ཐོ་བཀོད་འབད་ནུག།

ཁ་ཙ་ ཚོགས་རྒྱན་ས་ཁོངས་ལས་ མི་ཊར་༡༠༠ ནང་འཁོད་ལུ་ཡོད་མི་ བརྡ་བྱང་གུ་ འདེམས་ངོ་ཚུ་གི་པར་དང་ སྐུལ་བསྒྲགས་སྦྱར་ཡོད་མི་ཚུ་ཡང་ སྤོག་བཀོག་ནུག།

རྒྱལ་ཡོངས་ལྟ་རྟོག་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ སྐུལ་བསྒྲགས་འབད་མ་ཆོག་པའི་ དུས་ཡུན་ཆུ་ཚོད་༤༨ ཀྱི་ ནང་འཁོད་ལུ་ སྐུལ་བསྒྲགས་ཀྱི་ བརྡ་བྱང་ཚུ་ ཚོགས་རྒྱན་ས་ཁོངས་ལས་ མི་ཊར་༡༠༠ ནང་འཁོད་ལུ་ཡོད་པ་ཅིན་ འདེམས་ངོ་ཁོང་གིས་ར་ སྤོག་བཀོ་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ གལ་སྲིད་ ཁོང་ ལྷོད་མ་ཚུགས་པ་ཅིན་ ཁོང་རའི་ ངོ་ཚབ་ཚུ་གིས་ སྤོག་བཀོ་དགོ་པའི་སྐོར་ བརྡ་དོན་སྤྲོད་ཅི་ཟེར་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་དེ་ ད་རེས་ ཚོགས་རྒྱན་བཙུགས་ནི་ འགོ་མ་བཙུགས་པའི་ཧེ་མར་ ལྷོད་པ་ཅིན་ ངོས་ལེན་འབད་ནི་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *