གཞལམ་སྒང་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གདམ་ངོ་༤ ཡོདཔ།

༉ ད་ཚུན་ གཞལམ་སྒང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་མི་ངོམ་ བཙག་འཐུ་འབད་ནིའི་དོན་ལུ་ གདམ་ངོ་༤ བཙག་འཐུ་གྲུབ་མི་ཚུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ལེགས་བསྒྱུར་འབག་འོང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ནང་སྐོར་རྒེད་འོག་ལས་ གདམ་འཐུ་གྲུབ་མི་ སྐྱེས་ལོ་༣༨ ལང་མི་ བསོད་ནམས་ལས་སྐྱིད་ཀྱིས་ སླབ་མིའི་ནང་ ཁོ་གི་རྒེད་འོག་ནང་ལས་ མི་ངོམ་ཐོན་མི་མེདཔ་ལས་ མི་ཚུ་གིས་ ཁོ་ར་ འཐོན་དགོཔ་སྦེ་ སླབ་མི་ལུ་བརྟེན་ ད་རེས་ བཅའ་མར་གཏོགས་པའི་སྐབས་ རྒྱབ་སྐྱོར་ཐོབ་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འགྲུབ་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཁོ་གིས་ དགོ་ཟེར་མི་ཚོགས་རྒྱན་༣༤༦ དང་ མི་དགོ་༣༢ ཐོབ་ཡོདཔ་ད་ བསོད་ནམས་ལས་སྐྱིད་ཀྱིས་ ཚོགས་སྡེ་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ གཞལམ་སྒང་རྫོང་ཁག་ ཡེ་སྦིས་ལབ་རྩ་འབྲིང་རིམ་སློབ་གྲྭ་བར་མ་དང་ སྤ་རོ་འབྲུག་རྒྱལ་སློབ་གྲྭ་གོང་མིའི་ནང་ ཚན་རིག་གི་ སློབ་དཔོན་སྦེ་ ཕྱག་ཞུ་ནུག།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་ལས་ཐ་དད་ཨིན་པའི་ ཚོགས་ཁང་ཅིག་འབདཝ་ལས་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་ཅི་ཟེར་ཨིནམ་ད་ ཁོ་ལུ་ བསམ་རྩེ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ལས་ གསོ་རིག་དང་རྫས་ཁམས་རིག་པའི་མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
སྤང་མཁར་རྒེད་འོག་ལས་འབད་བ་ཅིན་ སྐྱེས་ལོ་༣༨ ལང་མི་ རྡོ་རྗེ་མཆོད་རྟེན་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ སྐྱེས་ལོ་༣༧ ལང་མི་ ཨྱོན་ཆོས་འཕེལ་དེ་ ད་རེས་ཀྱི་འཛོམས་འདུའི་སྐབས་ ཚོགས་རྒྱན་༡༨༠ གིས་ ཕམ་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ གདམ་ངོའི་འཛོམས་འདུ་ འཚོགས་པའི་སྐབས་ལུ་འབད་བ་ཅིན་ ཨྱོན་ཆོས་འཕེལ་གྱིས་ རྡོ་རྗེ་མཆོད་རྟེན་ ཕམ་བཏང་ནུག།
རྡོ་རྗེ་མཆོད་རྟེན་གྱིས་ སླབ་མིའི་ནང་ རྒེད་འོག་གི་མི་ཚུ་གིས་ ཁོ་ལུ་རྒྱབ་སྐྱོར་འབད་མི་དེ་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་སྤྲོ་བ་ ངེས་བདེན་ཡོདཔ་ ཤེས་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
ཧེ་མ་ཁོ་གིས་ རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་ཡིག་ཚང་གི་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་པའི་སྐབས་ བཙག་འཐུ་གྲུབ་མ་ཚུགས་ནི་དེ་གིས་ སྒེར་གྱི་ཚོང་ལས་ཅིག་ནང་ མདོ་ཆེན་སྦེ་ ལཱ་འབད་ཡོདཔ་མ་ཚད་ ཁོ་རའི་ཚོང་ལཱ་ཅིག་ཡང་ འབད་སྡོད་ནུག།
སྒོ་ཤིང་རྒེད་འོག་ལས་ གདམ་ངོ་སངས་རྒྱས་རྡོ་རྗེ་གིས་ དགོ་ཟེར་མི་ཚོགས་རྒྱན་༢༦༥ དང་ མི་དགོ་༡༢༦ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ ཞི་གཡོག་ནང་ ལོ་༢༡ དེ་ཅིག་ ཕྱག་ཞུ་བའི་རིང་ལུ་ རྫོང་རབ་དང་ ཕྱི་མི་ནང་སྐྱོད་ལས་ཁུངས་ནང་ ལུང་ཕྱོགས་ཀྱི་མདོ་ཆེན་དང་ མདོ་ཆེན་ངོ་ཚབ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ དགོངས་ཞུ་འབད་དེ་ སྤྱི་ལོ་༢༠༠༨ དང་༢༠༡༣ ལུ་ མི་སེར་དམངས་གཙོ་ཚོགས་པའི་འཐུས་མི་སྦེ་ བཙག་འཐུ་ནང་ བཅའ་མར་གཏོགས་ནུག།
སྐྱེས་ལོ་༥༧ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ཁོ་རའི་ ཉམས་མྱོང་དང་རིག་རྩལ་དང་བསྟུན་ རྒྱལ་ཡོངས་ཚོགས་སྡེ་ནང་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགས་ཟེར་ཨིནམ་ད་ ཁོ་ལུ་ རྒྱ་གར་ ཅཱན་དི་གར་གཙུག་ལག་སློབ་སྡེ་ལས་ མི་མང་བདག་སྐྱོང་གི་ མཐོ་རིམ་ཤེས་ཚད་དང་ རྒྱ་གར་གྱི་བདག་སྐྱོང་ཞབས་ཏོག་ལས་ ཁྱད་རིག་གི་ཤེས་ཚད་ དེ་ལས་ ཡུ་ཀེ་རྒྱལ་ཁབ་ལས་ གཙུག་ལག་འོག་མའི་ ཤེས་ཚད་ཡོདཔ་ཨིན་པས།
ངང་ལ་རྒེད་འོག་ལས་ སྐྱེས་ལོ་༥༡ ལང་མི་ རིན་ཆེན་དེ་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ ཞི་གཡོག་ནང་ལོ་༡༦ ལྷགཔ་ཅིག་སྡོད་པའི་རིང་ ནགས་ཚལ་འགོ་དཔོན་དང་ འཆར་གཞི་འགོ་དཔོན་ རྫོང་རབ་ དེ་ལས་ དྲུང་པ་སྦེ་ ཕྱག་ཞུ་ཡོདཔ་ད་ དེའི་ཤུལ་ལས་ ལས་འཛིན་ཅིག་ནང་ ལུང་ཕྱོགས་འཛིན་སྐྱོང་པ་སྦེ་ ལཱ་འབད་ནུག།
ཁོ་གིས་ སླབ་མིའི་ནང་ ཁོ་ལུ་ཡོད་པའི་ ཉམས་མྱོང་དང་ཁྱད་རིག་ དེ་ལས་ ཤེས་ཚད་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དོན་ལུ་ བཙག་འཐུ་འགྲུབ་ནིའི་ གོ་སྐབས་ཡོདཔ་ལས་ མི་ཚུ་གིས་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *