གཞལམ་སྒང་རྫོང་ཁག་བདག་སྐྱོང་།

གཞལམ་སྒང་རྫོང་ཁག་ནང་ འབྲེལ་ཡོད་འགོ་དཔོན་མང་རབས་ཅིག་ མེད་པའི་དཀའ་ངལ།

༉ ད་རེས་ནངས་པར་ གཞལམ་རྫོང་ཁག་ནང་ འབྲེལ་ཡོད་འགོ་དཔོན་མང་རབས་ཅིག་ མེད་མི་ལུ་བརྟེན་ མི་སེར་ཚུ་ལུ་ དུས་རྒྱུན་གྱི་ཞབས་ཏོག་ཚུ་ བྱིན་ནི་དང་ བདག་སྐྱོང་དང་འབྲེལ་བའི་ལཱ་འབད་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་འདུག།
དེ་ཡང་ རྫོང་ཁག་ནང་ རྫོང་རབ་དང་ མཁོ་སྒྲུབ་འགོ་དཔོན་ སྲོལ་འཛིན་འགོ་དཔོན་ ཁྲིམས་འདུན་འགོ་དཔོན་ མཐའ་འཁོར་འགོ་དཔོན་ དེ་ལས་ མི་སྟོབས་འགོ་དཔོན་ཚུ་ གནས་སོར་འགྱོ་མི་དང་ ལ་ལོ་ཅིག་ ལོ་གྲངས་ཚང་སྟེ་ དགོངསམ་ཞུ་འབད་མི་བརྩིས་ཏེ་ འགོ་དཔོན་༦ དེ་ཅིག་མེདཔ་ཡོདཔ་ཨིན་པས།
ད་རེས་ རྫོང་རབ་ཀྱི་ངོ་ཚབ་དེ་ རྫོང་ཁག་སྒོ་ནོར་འགོ་དཔོན་དང་ སྐྱིད་སྡུག་འགོ་དཔོན་གྱིས་ མི་སྟོབས་འགོ་དཔོན་གྱི་ཚབ་སྦེ་ ལཱ་འབད་དོ་ཡོདཔ་ད་ མཐའ་འཁོར་འགོ་དཔོན་གྱི་ ངོ་ཚབ་དེ་ རྫོང་ཁག་སོ་ནམ་འགོ་དཔོན་ དེ་ལས་ སྲོལ་འཛིན་འགོ་དཔོན་གྱི་ ངོ་ཚབ་དེ་ རྩོད་དྲུང་དང་ ས་ཁྲམ་འགོ་དཔོན་དེ་ ཁྲིམས་མདུན་འགོ་དཔོན་གྱི་ངོ་ཚབ་ མཁོ་སྒྲུབ་འགོ་དཔོན་གྱི་ངོ་ཚབ་དེ་ རྫོང་ཁག་མཛོད་གཉེར་ བཞག་སྟེ་འདུག།
གཞལམ་སྒང་རྫོང་བདག་ ཧར་ཀ་སིང་ ཏ་མང་གིས་ སླབ་མིའི་ནང་ རྫོང་ཁག་ནང་ འགོ་དཔོན་ཚུ་ མང་རབས་ཅིག་མེད་མི་ལུ་བརྟེན་ དུས་རྒྱུན་གྱི་ལཱ་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ ངོ་ཚབ་རེ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
གཞལམ་སྒང་རྫོང་བདག་གིས་ རྫོང་ཁག་གི་ འགོ་དཔོན་ཚུ་ཡང་ གནས་སོར་དང་ ལོ་གྲངས་ཚང་ཡོད་པའི་ གཞུང་བ་ལྟེ་བ་ལས་ བཀའ་རྒྱ་ལྷོད་ཞིནམ་ལས་ མ་གཏང་པར་ ཐབས་མི་འདུག་ཟེར་ཨིནམ་ད་ རྫོང་ཁག་ནང་ འགོ་དཔོན་ཚུ་ཡོད་མེད་ཀྱི་ ཁྱད་པར་དེ་ སྦོམ་སྦེ་ར་འདུག་ཟེར་ཨིན་པས།
གནད་དོན་དེ་ ལོ་བསྟར་གྱི་ རྫོང་བདག་ཞལ་འཛོམས་ནང་ཡང་ གྲོས་བསྟུན་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ འབྲེལ་ཡོད་འགོ་དཔོན་ཚུ་ མེད་པའི་བསྒང་ལས་ མི་སེར་ཚུ་ལུ་ ཞབས་ཏོག་ཞུ་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་པའི་ཁར་ ངོ་ཚབ་ཚུ་ལུ་ རང་སོའི་འགན་ཁུར་ཡོདཔ་ལས་ ཁོང་ལུ་ཡང་ སྟབས་མ་བདེཝ་བྱུང་བཞིན་དུ་ཡོདཔ་མ་ཚད་ གྲོས་ཐག་གཅད་ནི་ལུ་ཡང་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
མི་སྟོབས་འགོ་དཔོན་འབད་བ་ཅིན་ འཆར་གཞི་འགོ་དཔོན་སྦེ་ སོང་ཡོདཔ་ད་ རྫོང་རབ་དེ་ ལོ་གྲངས་ཚང་སྟེ་ ན་ཧིང་ལས་ དགོངམས་ཞུ་འབད་ཡོདཔ་བཞིན་དུ་ གནད་དོན་ཐོག་ལུ་ གཞུང་ལྟེ་བ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ རྫོང་རབ་ཀྱི་ གོ་གནས་དོན་ལུ་ ཁྱབ་བསྒྲགས་ཚུ་ འབད་དེ་ཡོད་པའ་ིསྐོར་ལས་ སྙན་ཞུ་འབད་དེ་ཟེར་ ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ སྲོལ་འཛིན་འགོ་དཔོན་ཐད་ཀར་ གནས་སོར་རྩི་རང་ལུ་ བཏང་ཡོདཔ་བཞིན་དུ་ གསར་སྤང་གི་སྲོལ་འཛིན་འགོ་དཔོན་དེ་ གཞལམ་སྒང་ལུ་གཏང་ནི་སྦེ་ གྲོས་འཆམ་བྱུང་ཡོད་རུང་ ད་ལྟོ་འབདཝ་ད་ གསརཔ་གཏང་ནི་སྦེ་ ལོ་རྒྱུས་འདུག་ཟེར་ཨིནམ་ད་ མཁོ་སྒྲུབ་འགོ་དཔོན་ཡང་ གནས་སོར་སོང་ཡོདཔ་ཨིན་པས།
རྫོང་རབ་ཀྱི་ངོ་ཚབ་ རྫོང་ཁག་སྒོ་ནོར་འགོ་དཔོན་ ཨོ་རྒྱན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ རང་སོའི་འགན་ཁུར་ཡོད་པའི་གུ་ དེའི་ཐོག་ཁར་ འགན་ཁུར་ཐེབས་འབག་པའི་སྐབས་ དཀའ་ངལ་བྱུང་དོ་ཡོད་པའི་ཁར་ ལཱ་ངོ་མ་འབད་ནི་ལུ་ གནོད་པ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་སོའི་ལཱ་ཚུ་ སེམས་ཤུགས་བསྐྱེད་མ་ཚུགས་པའི་ཁར་ ཡིག་ཚང་གི་དུས་ཚོད་སྐབས་ བདག་སྐྱོང་འབྲེལ་བའི་ ལཱ་འབད་མི་ལུ་བརྟེན་ ཁོ་རའི་ལཱ་ཚུ་ཡང་ ངལ་གསོ་སྐབས་ འབད་དགོཔ་བྱུང་མི་དེ་གིས་ བཟའ་ཚང་ལུ་ དུས་ཚོད་བྱིན་མི་ཚུགས་ཟེར་ཨིན་པས།
ཨོ་རྒྱན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ རྫོང་ཁག་ནང་ མི་སྟོབས་དགོ་པའི་སྐོར་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཞུ་ཡིག་ཅིག་བཏང་རུང་ ད་ཚུན་ ལན་གསན་ག་ནི་ཡང་ མ་འཐོབ་ཟེར་ཨིན་པས།
དེ་བཟུམ་སྦེ་ ངོ་ཚབ་ཀྱི་ལཱ་འབད་མི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ངོ་ཚབ་ཀྱི་ ལཱ་འབད་སྡོད་པའི་སྐབས་ ལཱ་འཐུས་ཤོར་བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ རང་སོའི་འགན་ཁུར་ཡོདཔ་ལས་ འགོ་དཔོན་ངོ་མ་བཟུམ་སྦེ་ འབད་མི་ཚུགས་པས་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ འགོ་དཔོན་ཚུ་ཡང་ དུས་ཅི་ར་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *