དུང་དཀར་འབུབ་ཀྱི་རིགས་གསརཔ།

གཞལམ་སྒང་དང་ པདྨ་དགའ་ཚལ་ལས་ དུང་དཀར་འབུབ་རིགས་གསརཔ་༢ མཐོང་ཡོདཔ།

༉ བུམ་ཐང་ལུ་ཡོད་མི་ ཨོ་རྒྱན་དབང་ཕྱུག་ མཐའ་འཁོར་ཉམས་སྲུང་ཞིབ་འཚོལ་དང་ རང་བཞིན་ཞིབ་འཚོལ་སྤེལ་ཁང་ དེ་ལས་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བ་གིས་ ནི་དར་ལེནསི་ལུ་ཡོད་མི་ རང་བཞིན་སྐྱེ་ལྡན་ལྟེ་བ་དང་ མཉམ་འབྲེལ་ཐོག་ལས་ ཞིབ་འཚོལ་འབད་ཞིནམ་ལས་ གཞལམ་སྒང་དང་ པདྨ་དགའ་ཚལ་རྫོང་ཁག་ནང་ལས་ དུང་དཀར་འབུབ་རིགས་གསརཔ་༢ ངོས་འཛིན་འབད་ཡོདཔ་ཨིན་པས།

འབུབ་རིགས་གསརཔ་༢ ཀྱི་སྐོར་ལས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བཱསི་ཏི་རི་ཡ་ཟེར་མི་ དུས་དེབ་ནང་ ཐོན་ ཡོདཔ་ད་ འབུབ་རིགས་གསརཔ་ཀྱི་ བཟོ་རྣམ་དང་ ཁྲག་དཔེ་ཚུ་ ཞིབ་འཚོལ་འབད་ཐོག་ལས་ ངོས་འཛིན་འབད་འབདཝ་ཨིན་པས།

ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ འབུབ་རིགས་གསརཔ་ངོས་འཛིན་འབད་མི་གིས་ རྒྱལ་ཁབ་ཀྱི་ ནགས་ཚལ་ གནས་སྟངས་ཚུ་ ལེགས་ཤོམ་ཡོད་པའི་ གསལ་སྟོན་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།

ངོས་འཛིན་འབད་ནིའི་ ལས་འགུལ་དེ་ རྒྱལ་ཡོངས་རང་བཞིན་མི་སྡེ་དང་ བི་ཊི་ཨེཕ་ཨི་སི་ དེ་ལས་ འབྲུག་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ འབད་ཡོདཔ་ཨིན་པས།

པདྨ་དགའ་ཚལ་ལས་ཐོབ་མིའི་འབུབ་དེ་ སི་ནཱིའུ་ནི་ཡ་ བུ་སི་ལིན་ཌི་ཀ་དང་ གཞལམ་སྒང་ལས་ སིན་ནཱིའུ་ནི་ཡ་ནི་མའི་ཟེར་ མིང་བཏགས་ཡོདཔ་ཨིན་པས།

པདྨ་དགའ་ཚལ་གྱི་དུང་དཀར་འབུབ་དེ་ པགས་ཀོ་རྒྱ་རྫིའི་དབྱིབས་བཟུམ་སྦེ་ཡོདཔ་ད་ གཞན་མི་དེ་ རྒྱ་སྦོམ་སུ་ཅིག་སྦེ་ཡོདཔ་བཞིན་དུ་ འབུབ་རིགས་གཉིས་ཆ་རའི་དཔེ་ཚད་ཚུ་ གསར་སྦིས་ཐང་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བའི་ནང་ བཞག་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༨ ལུ་ཡང་ ཐིམ་ཕུག་ དགེ་བསྙེན་ཁའི་ རོང་ཆུ་ཅིག་ནང་ལས་ཡང་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བའི་ འགོ་དཔོན་སྡེ་ཚན་ཅིག་གིས་ འབུབ་རིགས་གསརཔ་༢ མཐོང་ཡོདཔ་ཨིན་པས།

ལྷུན་རྩེ་དང་ མོང་སྒར་ལས་ཡང་ འགོ་དང་པ་ རིགས་གསརཔ་ཅིག་ ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ལྟེ་བ་གིས་ རིགས་ གསརཔ་གསུམ་ཐོབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ནང་ དུང་དཀར་འབུབ་ཀྱི་རིགས་༡༢༠ ཐོ་བཀོད་འབད་ཡོད་པའི་ཁར་ ད་རེས་ མཐོང་མི་ཚུ་བརྩིསཝ་ད་ འབུབ་རིགས་༡༢༢ ལྷགཔ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

ཨིན་རུང་ ཞིབ་འཚོལ་འབད་མི་ཚུ་དང་འཁྲིལཝ་ད་ ང་བཅས་ཀྱི་ མི་སྡེ་ཚུ་ནང་ལས་ རིགས་མ་འདྲཝ་ཚུ་ ལེ་ཤ་འབག་འོང་ དོ་ཡོདཔ་ལས་ རིགས་མ་འདྲཝ་༢༠༠ ལྷགཔ་ཅིག་ འོང་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *