སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་མེད་པའི་ གཞལམ་སྒང་ཁྲོམ།

གཞལམ་སྒང་དང་ ཐིམ་ཕུག་བར་ན་ སྐྱེལ་འདྲེན་བཱསི་གི་ཞབས་ཏོག་ ལོག་འགོ་བཙུགས་ནི།

༉ ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ གཞལམ་སྒང་རྫོང་ཁག་ནང་ གནམ་གཤིས་གནས་སྟངས་ལས་འབད་རུང་ ཆརཔ་དང་ ཉིམ་དེ་ཅིག་ར་ མ་ཤར་བའི་ཁར་ ཚ་དྲོད་དང་ལྡན་ཏོག་ཏོ་སྦེ་ཡོདཔ་ད་ མི་སྐད་དང་ བྱ་སྐད་ཚུ་ཡང་ ག་ནི་ཡང་མེད་པར་ ས་གནས་མཐའ་ཟུར་ཅིག་ལུ་ ལྷོད་པའི་ཚོར་སྣང་བྱུངམ་ཨིན་པས།
ད་རེས་ ས་གནས་ཀྱི་ མི་སེར་ཚུ་འབད་རུང་ རང་སོའི་དུས་རྒྱུན་གྱི་ སོ་ནམ་ལཱ་ ཀེ་བ་གི་ གཡུར་མ་ཚུ་ རྐྱབ་པའི་བསྒང་འདུག།
ཨིན་རུང་ ས་གནས་ནང་སྡོད་མི་ཚུ་ རང་སོའི་ བུ་གཞི་ཚུ་ འཕྱད་དགོ་མནོ་རུང་ ཐིམ་ཕུག་དང་ གཞལམ་སྒང་གི་བར་ན་ སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་མེད་པར་ དུས་ཡུན་ལེ་ཤ་སོང་མི་ལུ་བརྟེན་ དཀའ་སྡུག་བྱུང་སྟེ་འདུག།
སྐྱེས་ལོ་༥༥ ལང་མི་ སོ་ནམ་པ་ ཟླ་བ་མོ་ར་ ཞབས་ཏོག་དེ་ ནམ་འགོ་བཙུགས་འོང་ག་ཟེར་ སྒུག་སྟེ་ར་ སྡོད་དོ་ཡོདཔ་བཞིན་དུ་ ཞབས་ཏོག་མེད་པའི་བསྒང་ལས་ ང་བཅས་ སྣུམ་འཁོར་མེད་མི་ མི་སེར་ཉམ་ཆུང་ཚུ་ལུ་ དཀའ་སྡུག་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
གཞལམ་སྒང་དང་ ཐིམ་ཕུག་བར་ནའི་ སྡོད་ཁྲི་༡༩ འབད་མི་ གདུང་དཀར་བཱསི་གི་ སྐྱེལ་འདྲེན་ཞབས་ཏོག་དེ་ ན་ཧིང་ སྤྱི་ཟླ་༢ པ་ལས་ མཚམས་འཇོག་འབད་བའི་ཤུལ་ལས་ ད་ལྟོ་ཚུན་ ཞབས་ཏོག་བཙུགས་ནི་ལུ་ དང་འདོད་བསྐྱེད་མི་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།
གཞལམ་སྒང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡན་ལག་ཡིག་ཚང་དང་འཁྲིལཝ་ད་ བཱསི་གི་ཞབས་ཏོག་དེ་ཡང་ ད་རེས་ནངས་པར་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་འབད་མི་ལུ་བརྟེན་ སྣུམ་འཁོར་བཱསི་དེ་གིས་ འགྲོ་འགྲུལ་འབད་ནི་ལུ་ དཀའ་ངལ་ཐོན་མི་ལུ་བརྟེན་ བཤོལ་བཞག་ནུག་ཟེར་ཨིན་པས།
ཡན་ལག་ཡིག་ཚང་ལས་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཱསི་གི་ཞབས་ཏོག་ཡོད་རུང་ ཞབས་ཏོག་ལེན་མི་ ཚད་གཅིག་ལས་མེདཔ་ལས་ བཱསི་གི་ཇོ་བདག་འབད་རུང་ གདོང་ལེན་སྦོམ་སྦེ་ བྱུང་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཞབས་ཏོག་དེ་ འགོ་བཙུགས་མ་ཚུགས་པར་ ཡུན་འགྱངས་སྦེ་ ལུས་མི་དེ་ཡང་ ཞབས་ཏོག་བཙུགས་ནི་ལུ་ དང་འདོད་བསྐྱེད་མི་ མེད་མི་ལུ་བརྟེན་ཨིནམ་བཞིན་དུ་ མཐའན་འཇུག་ལུ་ མི་ཅིག་གིས་ བཙུགས་ནི་ལུ་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གལ་སྲིད་ ཞབས་ཏོག་དེ་ ཟླཝ་༦ གི་ནང་འཁོད་ལུ་ བཙུགས་མ་ཚུགས་པ་ཅིན་ གྲོས་འཆར་དེ་ ཆ་མེད་བཏང་ཐོག་ལས་ ཞབས་ཏོག་བཙུགས་ནི་ གོ་སྐབས་དེ་ གཞན་མི་ལུ་ བྱིན་འོང་ཟེར་ཨིན་པས།
ད་རེས་ ཞབས་ཏོག་མེད་མི་ལུ་བརྟེན་ མི་སེར་ཚུ་ ཐིམ་ཕུག་ལས་ དགེ་ལེགས་ཕུག་བརྒྱུད་དེ་ འགྱོ་དོ་ཡོདཔ་བཞིན་དུ་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཞབས་ཏོག་དེ་ འཕྲལ་མགྱོགས་ར་ ལོག་བཙུགས་དགོཔ་ འདུག་ཟེར་ཨིན་པས།
ད་རེས་ དགེ་ལེགས་ཕུག་དང་ གཞལམ་སྒང་བར་ན་ སྐྱེལ་འདྲེན་བསི་གི་ ཞབས་ཏོག་མེད་པར་ཡོདཔ་བཞིན་དུ་ ཞབས་ཏོག་དེ་ཡང་ ལོ་༣ གྱི་ཧེ་མ་ལས་ ཞབས་ཏོག་གི་ དུས་ཚོད་རྫོགས་མི་ལུ་བརྟེན་ མཚམས་འཇོག་འབད་བའི་ཤུལ་ལས་ ད་ཚུན་ བཱསི་གི་ཞབས་ཏོག་ གཞི་བཙུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་མེདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གཞལམ་སྒང་རྫོང་ཁག་བཟུམ་ཅིག་ནང་ ཞབས་ཏོག་ལེན་མི་ གངམ་མིན་འདུག་ཟེར་ཨིནམ་ད་ ཧེ་མ་ བཱསི་གི་ཞབས་ཏོག་ཡོད་པའི་སྐབས་ འཕྲལ་འཕྲལ་ར་ བཱསི་གི་་དེད་གཡོགཔ་དང་ ལས་རོགསཔ་༢ འགྱོ་སར་མཐོང་ཅི་ཟེར་ཨིན་པས།
དགེ་ལེགས་ཕུག་དང་ གཞལམ་སྒང་བར་ན་ བཱསི་གི་ཞབས་ཏོག་མེད་མི་ལུ་བརྟེན་ ད་རེས་ བཙག་འཐུ་རན་ཡོདཔ་ལས་ གནས་སྐབས་ཅིག་ བུ་ལི་དང་ དགེ་ལེགས་ཕུག་གི་བཱསི་དེ་ གཞལམ་སྒང་བརྒྱུད་དེ་ འགྱོ་ནི་འགོ་བཙུགས་ཏེ་ བདུན་ཕྲག་༡ ལས་བརྒལ་ མ་ལང་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
ཨིན་རུང་ པཱན་སྦང་དང་ དགེ་ལེགས་ཕུག་གི་བར་ན་ བཱསི་གི་ཞབས་ཏོག་དེ་ དཀའ་ངལ་ག་ནི་ཡང་མེད་པར་ རྒྱུན་འགྲུལ་ཐབས་བཞིན་དུ་ཡོདཔ་ད་ ད་རེས་ གཞལམ་སྒང་ལུ་ བཱསི་གི་ཞབས་ཏོག་མེད་པའི་གུ་ བཱསི་བཞག་ས་ཡང་ མེད་པའི་དཀའ་ངལ་ ཐོན་ཏེ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་སྐོར་ལས་ རྫོང་ཁག་ཚོགས་འདུ་ནང་ཡང་ གསུང་གྲོས་གནང་ཡོདཔ་བཞིན་དུ་ཡོད་ཟེར་ཨིནམ་ད་ གཞལམ་སྒང་ལུ་ བཱསི་བཞག་ས་ བཟོ་ནིའི་ས་ཁོངས་མེད་མི་ལུ་བརྟེན་ ཚོགས་འདུ་གིས་ ཏིང་ཏི་སྦིས་ལུ་ ས་གོ་ཅིག་ ངོས་འཛིན་འབད་དེ་ ཡོད་ཟེར་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *