སོ་ནམ་པ་ཚུ་གིས་ ཨེ་མ་ཧོནམོ་ཚུ་ བཏོག་ཞིནམ་ལས་ ཨེ་མ་ཧོ་སྐམ་དང་ ཨེ་མ་བཤུར་སྐམ་བཟོ་བཞག་དོ་ཡོདཔ་ཨིན་པས།

གཞལམ་སྒང་གི་ སོ་ནམ་པ་ཚུ་ལུ་ ཨེ་མའི་ཚོང་ལམ་ སྐྱོ་དྲགས་ཡོད་མི་ལུ་སེམས་ཕམ།

༉ ཚོང་འབྲེལ་གྱི་ འཆར་གཞི་མེདཔ་ལས་ ཨེ་མ་ཚུ་ ཞིང་ནང་ར་ལུས་ཏེ་ རུལ་དོ་ཡོདཔ་ལས་ གཞལམ་སྒང་གི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ ཨེ་མ་ཚུ་ བཏོག་རན་ཡོད་རུང་ ཚོང་མགྲོན་པ་ཚུ་ལུ་ སྒུགཔ་དང་འབྲེལ་ ཨེ་མ་བདག་འཛིན་འཐབ་སྟེ་ བསག་བཞག་ནིའི་ ཐབས་ལམ་བཏོན་དོ་ཟེར་ཨིན་པས། 

སོ་ནམ་པ་ལ་ལོ་ཅིག་གིས་ ཨེ་མ་ཚུ་ མི་མང་སྐྱེལ་འདྲེན་བཱསི་ནང་སྦེ་ བཙོང་པར་འབག་དོ་ཡོདཔ་ད་ ལ་ལོ་གིས་ སྒེར་འཁོར་བོ་ལེ་རོ་ཚུ་ གླ་ཁར་ལེན་ཏེ་ ཀྲོང་གསར་ལུ་ འབག་འགྱོ་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཨེ་མའི་ཐོན་སྐྱེད་དེ་ ན་ཧིང་དང་ཕྱདཔ་ད་ ལེ་ཤ་གིས་ དྲག་དོ་ཡོད་རུང་ ཉོ་མི་མིན་འདུག་ཟེར་ཨིན་པས།

སྒོ་ཤིང་རྒེད་འོག་ལས་ རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ཨེ་མ་ཚུ་ གཞལམ་སྒང་ལས་ ཐིམ་ཕུག་ཚུན་ སྐྱེལ་འདྲེན་འབད་ཡོད་རུང་ བཙོང་མ་ཚུགས་ལས་ སློབ་གྲྭ་ནང་ལས་ཕར་ བཙོང་ནིའི་དོན་ལུ་ ཁོང་རའི་ ཉེ་ཚན་ཚུ་ལས་ ཆ་རོགས་འཚོལ་དོ་ཟེར་ཨིན་པས།

རིན་ཆེན་རྡོ་རྗེ་གིས་ ཨེ་མ་ཚུ་ པཱན་སྦང་ལུ་ཡང་ བཙོང་པར་འབག་རུང་ ཉོ་མི་ག་ཡང་མ་ཐོན་ཟེར་ བཤད་པའི་ཁར་ ཐིམ་ཕུག་ལུ་ཡོད་མི་ ཁོ་རའི་ཉེ་ཚན་ཚུ་ལུ་བརྟེན་ ཨེ་མ་ཀེ་ཇི་༣༠༠ དེ་ཅིག་ བཙོང་ཚུགས་ཡོདཔ་བཞིན་དུ་ ད་ལས་ཕར་ ཨེ་མ་ཚུ་ མ་བཙུགས་པའི་ཧེ་མ་ལས་ བཙོང་སའི་ཚོང་ལམ་ བལྟ་དགོཔ་འདུག་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཨེ་མ་ཀེ་ཇི་༤༠ དེ་ཅིག་ རུལ་ཡོདཔ་མ་ཚད་ ལྷག་ལུས་ཚུ་ བསྡུ་མ་ཚུགས་པར་ ཞིང་ནང་ར་ཡོད་ཟེར་ཨིན་པས།

སྒོ་ཤིང་ཚོགས་པ་ བཟང་པོ་གིས་ སླབ་མིའི་ནང་ སོ་ནམ་པ་མང་ཤོས་ཅིག་ལུ་ སྒེར་འཁོར་གླ་ཁར་ལེན་ཏེ་ ཨེ་མ་ཚུ་ ཁྲོམ་ཁར་སྐྱེལ་འདྲེན་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ གཞུང་གིས་ སྐྱེལ་འདྲེན་གྱི་ རྒྱབ་སྐྱོར་གནང་པ་ཅིན་ སོ་ནམ་པ་ཚུ་ལུ་ སེམས་ཤུགས་འཐོབ་ཚུགས་ནི་མས་ཟེར་ཨིན་པས།

ཨེ་མ་བཙོང་སའི་ ས་གོ་མེདཔ་ལས་ སོ་ནམ་པ་ཚུ་ལུ་ སེམས་ཕམ་བྱུང་ཡོད་རུང་ ཁོང་གིས་ ལཱ་ཚུ་འཕྲོ་མཐུད་དེ་ར་ འབད་བཞིན་དུ་ཡོདཔ་ད་ སོ་ནམ་པ༌ཚུ་ལུ་ ཨེ་མའི་ལྕངམ་ཚུ་ དུས་ཚོད་ཁར་ བགོ་བཀྲམ་འབད་ཡོད་པ་ཅིན་ བཙོང༌ནི་ལུ་ དཀའ༌ངལ༌དེམ༌ཅིག༌ མ༌བྱུངམ༌ འོང༌ཟེར༌ བཤདཔ་ཨིན༌པས།

ཚོགས༌པ༌གིས༌ སླབ༌མིའི༌ནང༌ སོ༌ནམ༌པ༌ཚུ༌གིས༌ ན༌ཧིང༌ གནམ༌དགུན༌ལུ༌ འདབ༌མ༌ཀོ༌ པི༌ཀེ༌ཇི༌༡,༠༠༠ དེ༌ཅིག༌ མེདཔ་ཐལ་ཏེ་ བཀོ་ཡོདཔ་མ་ཚད་ ས་སྒ་ཚུ་ མེདཔ་ཐལ་བའི་ ཚ་གྱང་ཡང་ ལང་དགོཔ་ཐོན་ནུག།

སྒོ༌ཤིང༌རྒེད༌འོག༌གི༌ མི༌སེར༌བརྒྱ༌ཆ༌༩༠ དེ༌ཅིག༌གིས༌ ས༌སྒ༌འཛུགས་སྐྱོང་འབད༌ ཡོདཔ༌ ཨིན༌པས།

པཱན༌སྦང༌ངང༌ལ༌རྒེད༌འོག༌ ཀབ༌ཏོང༌ལས༌ རྡོ༌རྗེ༌ཆོས༌འཛོམས༌ ཀྱིས༌ སླབ༌མིའི༌ནང༌ ན༌ཧིང༌གི་ ལོ་སྔ་ཆ་ལུ་ ཨེ༌མ༌མ༌ལང༌པའི༌ གནས༌ཚུལ༌ གོ༌ཞིནམ༌ལས༌ གཡུས་མི་མང༌ཤོས༌ཅིག་གིས༌ ཨེ༌མ༌འཛུགས་སྐྱོང་འབད་ཡི༌ཟེར༌ ཨིན༌པས། 

ཀབ༌ཏོང༌གཡུས་ཚན་ནང་ ཁྱིམ༌གུང༌༥༠ ཡོད༌མི༌ལས༌ བརྒྱ༌ཆ༌༧༠ དེ༌ཅིག༌གིས༌ ཨེ༌མ༌ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ད་རེས་ གོང་ཚད་མར་ཕབ་ཐོག་བཙོང་རུང་ ཉོ་མི་མེདཔ་ལས་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།

ངང༌ལ༌རྒེད༌འོག༌དེ་ ནད་ཡམས་ཀྱིས་ ཉེན༌ཁ༌ཆེ་བའི་ ས༌ཁོངས༌ཅིག༌འབདཝ༌ལས༌ ཚོང༌ འབྲེལ༌གྱི༌དོན༌ལུ༌ ཕར༌ཚུར༌འགྲོ༌ འགྲུལ༌འབད༌མི༌ཆོགཔ༌ཨིན༌རུང༌ རྫོང༌ཁག༌སོ༌ནམ༌འགོ༌དཔོན༌གྱིས༌ སླབ༌མིའི༌ནང༌ སྒེར༌གྱི༌ཚོང༌ལས༌ ཁང༌ བཞེས་སྒོའི་རིགས་ ཐོན་སྐྱེད་འབད་མི་ཚུ་དང༌གཅིག༌ཁར༌ བསྟུན༌གྲོས༌འབད༌དེ༌ ཨེ༌མ༌མེ་ཊིག་ཊཱན༌༡ མོང་སྒར་གླིང༌མི༌ཐང༌ ཆིག་སྒྲིལ་བཞེས་སྒོ་བཟོ༌སྤྱོད་ཁང༌ནང༌ བསྐྱལ་ཡོདཔ༌ཨིན༌པས།

ཚོད་བསྲེ་བཙོང་ནིའི་དོན་ལུ་ ཚོང་ལམ་གསརཔ་ འཚོལ་ནི་དེ་ ལཱ་ཁག་ཡོད་རུང་ སོ་ནམ་ལྷན་ཁག་གིས་ སེམས་ཤུགས་བྱིན་མི་དང་འཁྲིལ་ ཚོད་བསྲེ་རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་ནིའི་ནང་ དང་འདོད་བསྐྱེད་མི་ སོ་ནམ་པ་དང་ སྡེ་ཚན་གྱི་ གྱངས་ཁ་ཡར་སེང་སོང་ཡི་ཟེར་ཨིན་པས།

ད་རེས་ ཚོང་འབྲེལ་ལུ་ ཐོ་ཕོག་མི་དེ་ཡང་ སོ་ནམ་པ་ཚུ་ ཧེ་མ་བཟུམ་སྦེ་ འགྲོ་འགྲུལ་འབད་མ་ཆོག་མི་དང་ སྣུམ་འཁོར་ཡང་ མ་ཐོབ་ནི་དེ་གིས་ཨིན་པས། 

རྫོང་ཁག་སོ་ནམ་སྡེ་ཚན་དང་འཁྲིལཝ་ད་ ཉེན་ཁ་ཆེ་བའི་ ས་ཁོང་ནང་ལས་ ཕར་ཚུར་འགྱོ་བའི་སྐབས་ སྒྲིག་གཞི་ཚུ་ དམ་དམ་ཡོདཔ་ལས་ ཁེངས་སྨད་ཀྱི་ རྒེད་འོག་བཞི་ལུ་ ཐོ་ཕོག་ཕོགཔ་འོང་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནམ་བྱཱར་ལུ་ འགྲོ་འགྲུལ་བཀག་དམ་དང་ ཀྲོང་གསར་ཁ་ཐུག་ རི་བོ་ཏ་ལ་དང་ དགེ་ལེགས་ཕུག་བོགསི་ཀ་ཊིང་གི་ ས་གནས་ཚུ་ནང་ ལམ་ཆད་མི་ལུ་བརྟེན་ གཞལམ་སྒང་རྫོང་ཁག་གིས་ སོ་ནམ་ཐོན་སྐྱེད་ཚུ་གི་ ཚོང་ལམ་འཚོལ་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *