གཞལམ་སྒང་གི་ རྒེད་འོག་༤ ནང་ འདེམས་ངོ་ཚུ་ གདམ་འཐུ་གྲུབ་ཡོདཔ།

༉ ད་ལྟོ་ཚུན་ གཞལམ༌སྒང༌ རྫོང༌ཁག༌ནང༌ རྒེད༌འོག༌༤ ལས་ གདམ༌ངོ༌༤ བཙག་འཐུ་གྲུབ་ཡོདཔ་ད་ ལྷག་ལུས་རྒེད་འོག་ཚུ་ནང་ ད་ལྟོ་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
དེ༌ཡང༌ ནང༌སྐོར༌རྒེད༌འོག༌ལས༌ སྐྱེས༌ལོ༌༣༨ ལང༌མི༌ བསོད༌ནམས༌ ལས༌སྐྱིད༌དེ༌ གདམ༌ངོ༌སྦེ༌ གྲུབ༌ ཡོདཔ༌བཞིན༌དུ༌ ཁོ༌གིས༌ དགོ༌གི༌ ཚོགས༌རྒྱན༌༣༤༦ དང༌ མི༌དགོའི༌ ཚོགས༌རྒྱན༌༣༢ ཐོབ༌ནུག།
སྤང༌མཁར༌རྒེད༌འོག༌ལས༌ དང༌ འདོད༌ཅན༌གྱི༌ མི༌ངོམ༌༢ ཐོན༌ས༌ ལས༌ རྡོ༌རྗེ༌མཆོད༌རྟེན༌གྱིས༌ ཚོགས༌ རྒྱན༌༤༡༩ ཐོབ༌སྟེ༌ གདམ༌ངོ༌སྦེ༌ བཙག༌འཐུ༌གྲུབ༌ཡོདཔ༌ད༌ ཁོ༌དང༌ གཅིག༌ཁར༌ དོ༌འགྲན༌འབད༌མི༌ ཨྱོན༌ཆོས༌འཕེལ༌གྱིས༌ ཚོགས༌ རྒྱན༌༢༣༩ ལས༌ ཐོབ༌མ༌ཚུགས༌ པས།
སྒོ་ཤིང༌རྒེད༌འོག༌ལས༌ འབད༌ བ༌ཅིན༌ གདམ༌ངོ༌དེ༌ སྐྱེས༌ལོ༌༥༧ ལང༌མི༌ སངས༌རྒྱས༌རྡོ༌རྗེ༌གིས༌ དགོ༌གི༌ ཚོགས༌རྒྱན༌༢༦༥ ཐོབ༌སྟེ༌ གདམ༌ངོ༌སྦེ༌ གྲུབ༌ཡོདཔ༌ད༌ ཁོ༌གིས༌ མི༌དགོ༌གི༌ ཚོགས༌རྒྱན༌༡༢༦ ཐོབ༌ཡོདཔ༌ད༌ བར༌དོ༌རྒེད༌འོག༌ལས༌ འབད༌བ༌ཅིན༌ སྐྱེས༌ལོ༌༤༩ ལང༌མི༌པདྨ༌འབྲུག༌པ༌ གདམ༌ངོ༌སྦེ༌ བཙག་འཐུ་གྲུབ༌ནུག།
དེ༌ལས༌ ངང༌ལམ༌རྒེད༌འོག༌ནང་ སྐྱེས༌ལོ༌༥༡ ལང༌མི༌ རིན༌ཆེན༌དེ༌གདམ༌ངོ༌སྦེ༌ བཙག་འཐུ་གྲུབ༌ཡོདཔ༌བཞིན༌དུ༌ ཁོ༌གིས༌ དགོ༌གི༌ ཚོགས༌རྒྱན༌༢༥༣ དང༌ མི༌དགོ༌གི༌ཚོགས༌རྒྱན༌༥༣ཐོབ༌ནུག།
གཞལམ་སྒང་རྫོང་ཁག་གི་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ མཇུག་བསྡུ་ནི་ཨིནམ་ད་ ད་ཚུན་ རྒེད་འོག་༤ ལས་བརྒལ་ འཛོམས་འདུ་འགོ་འདྲེན་འཐབ་མ་ཚུགས་མི་དེ་ འཛོམས་འདུ་དེ་ སྤྱི་འོག་གི་གནས་ཚད་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ནང་སྐོར་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་དེ་ འདུན་མང་དང་ གནས་མཁར་ བུ་ལི་ མགོ་གླིང་ དག་འཕེལ་ དེ་ལས་ རྟ་ལི་གཡུས་ཚན་ཚུ་གི་དོན་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་འཛོམས་འདུའི་ཁང་ནང་སྦེ་ འགོ་འདྲེན་འཐབ་ནུག།
བར་དོ་རྒེད་འོག་གི་དོན་ལུ་ ཁོམ་ཤར་དང་ ཕུ་ལུ་སྦིས་ གླང་དོ་སྦིས་ དེ་ལས་ དར་དཀར་ལ་ལ་སོགས་པའི་གཡུས་ཚན་ཚུ་ནང་ གསང་བའི་ཚོགས་རྒྱན་ཚུ་ འགོ་འདྲེན་འཐབ་ནུག།
རྫོང་ཁག་དེ་ དེ་བཟུམ་གྱི་ཚོགས་རྒྱན་འགོ་འདྲེན་འཐབ་མི་དེ་ཡང་ གཡུས་ཚན་ཚུ་ ཁ་གཏོར་ཏེ་ཡོདཔ་ལས་ རྒེད་འོག་གཅིག་ནང་སྟབས་གཅིག་ཁར་ གསང་བའི་ཚོགས་རྒྱན་འགོ་འདྲེན་འཐབ་བའི་སྐབས་ བྱ་སྟབས་མ་བདེཝ་ཐོན་དོ་ཡོདཔ་ད་ ཀྲོང་དང་ འབྱོག་ཀ་ ཁྲོམ་སྡེ་གི་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་རུང་ ཤིང་མཁར་རྒེད་འོག་ནང་འབད་བ་ཅིན་ དང་འདོད་ཅན་གྱི་ མི་ངོམ་ཐོན་མི་ མེདཔ་ཨིན་པའི་གནས་ཚུལ།

བསྟན༌འཛིན༌རྣམ༌རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *