སྟོང་ཧང་ཧ་སྦེ་མཐོང་མི་ གཞལམ་སྒང་ཁྲོམ།

གཞལམ་སྒང་གི་ ཚོང་པ་ཚུ་ གནས་སྤོ་འགྱོ་དོ་ཡོདཔ།

༉ གཞལམ་སྒང་ཁྲོམ་ཁར་ ཨེ་རི་ཡཱར་ བ་ར་དརསི་ཟེར་མི་ ཚོང་ཁང་གི་ཇོ་བདག་གིས་ གནས་སྤོ་ འགྱོ་ནིའི་ དཔའ་བཅམ་དོ་ཡོདཔ་ཨིན་རུང་ གཞལམ་སྒང་གི་ཚོང་ཁང་དེ་ བཙོང་མ་ཚུགས་མི་ལུ་བརྟེན་ ཐོགས་ལུས་ཡོདཔ་ཨིན་པས།

མོ་གིས་ གནས་སྤོ་འགྱོ་ནི་ལུ་ དཔའ་བཅམ་མི་དེ་ཡང་ གཙོ་བོ་ར་ གཞལམ་སྒང་ལུ་ མི་རློབས་གངམ་མེདཔ་ལས་ ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་མ་བཏུབ་ནི་དེ་གིས་ཨིན་པས།
ཚོང་ཁང་དེ་གི་ ཇོ་བདག་གིས་ བཤད་མིའི་ནང་ མོ་གིས་ དགེ་ལེགས་ཕུག་ལུ་ སྤོ་བཤུད་འབད་ནིའི་ འཆར་གཞི་རྩམ་དོ་ཟེར་ཨིནམ་ད་ གཞལམ་སྒང་ལུ་ ཐ་ན་ ཁང་གླ་ཡང་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཚོང་ཁང་ནང་ ད་ལྟོ་ཡོད་པའི་ ཚོང་ཆས་ཚུ་ཡང་ ཧེ་མ་ལས་ འབག་འོང་སྟེ་ དུས་ཡུན་རིངམོ་སོང་མི་ རྙིངམ་ཚུ་མ་གཏོགས་ གསརཔ་མེད་ཟེར་ཨིན་པས།
མོ་གིས་ ཚོང་ཁང་བཙོང་ནིའི་དོན་ལུ་ ཆ་རོགས་ཚུ་ལུ་ སླབ་ཡོདཔ་ཨིན་རུང་ རྫོང་ཁག་ནང་ ཚོང་འབྲེལ་ལེགས་ཤོམ་ འགྱོ་མ་བཏུབ་ཤེས་ཏེ་ ཉོ་ནི་ལུ་ དང་འདོད་བསྐྱེད་མི་ མིན་འདུག་ཟེར་ཨིན་པས།
ཚོང་པ་གཞན་ཅིག་གིས་ བཤད་མིའི་ནང་ མོ་གིས་ ཨ་རྟག་འབད་བ་ཅིན་ སློབ་གྲྭའི་ཅ་ཆས་དང་ སྒྲིག་གོ་ཚུ་ བཙོང་ཡོདཔ་ཨིན་རུང་ གཞལམ་སྒང་སློབ་གྲྭ་དེ་ སློབ་གྲྭ་ལྟེ་བ་ལུ་ བསྒྱུར་བཅོས་འབད་ནི་དེ་གིས་ དེ་གི་ཚོང་ལམ་ཡང་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།
ཁྲོམ་ཁར་ མི་རློབས་མང་སུ་སྦེ་བཞག་སྟེ་ ཚོང་ལམ་ལེགས་ཤོམ་འགྱོ་དགོ་པ་ཅིན་ ནུབ་མོའི་སྤྲོ་སྟོན་ཁང་ཚུ་ཡང་ དགོཔ་ཡོད་རུང་ ད་རེས་ ཆུང་ཀུ་ཅིག་ ཡོད་མི་དེ་ཡང་ རྫོང་ཁག་གི་ཁ་ཐུག་ལས་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
གཞལམ་སྒང་གི་ ཁྲོམ་སྡེ་ངོ་ཚབ་ བཀྲིས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ འདས་པའི་ཟླ་ངོ་༤ གི་རིང་ ཚོང་པ་གཉིས་ཀྱིས་ གནས་སྤོ་སོང་ཡོདཔ་ད་ ད་རུང་ གཉིས་ཀྱིས་ གནས་སྤོ་འགྱོ་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སྣུམ་འཁོར་མང་ཤོས་ཅིག་གིས་ དབང་འདུས་སྒང་དང་ ཏིང་ཏི་སྦིས་བར་ནའི་ ཕྲང་ལམ་བདའ་སྟེ་ འགྱོ་ནི་དེ་གིས་ གཞལམ་སྒང་ལུ་ འོང་མི་བཏུབ་དོ་ཡོདཔ་ད་ རེ་གཉིས་ཀྱིས་ ས་སྣུམ་བླུག་པར་ འོང་ནི་ཡོད་ཟེར་ཨིན་པས།
ཏིང་ཏི་སྦིས་ལུ་ ས་སྣུམ་བཀྲམ་སྤེལ་ཁང་གསརཔ་ཅིག་ རྐྱབ་ཡོདཔ་བཞིན་དུ་ ད་ལས་ཕར་ ཚོང་ལམ་ཚུ་ ཧེང་སྐལ་ར་ མར་འབབ་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁྲོམ་ཁར་ཚོང་པ་ཚུ་ གནས་སྤོ་འགྱོ་བའི་བསྒང་ལས་ ཧེ་མ་ལས་ མི་རློབས་ཉུང་སུ་ཅིག་ འབད་མི་དེ་ ཧེང་སྐལ་ར་ ཉུང་སུ་ཐལ་དོ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ རེ་ཚེ་སྐབས་ ཚོང་ཁང་ནང་ ཉིནམ་གཅིག་ར་ བསྒུགས་སྡོད་རུང་ དངུལ་ཀྲམ་༡༠༠ ཡང་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
གཞལམ་སྒང་ཁྲོམ་ཁར་ ཚོང་ཁང་༥༦ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཉི་མ་དབང་འདུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *