གཞལམ་སྒང་གི་ གྲོས་ཆོད་སོར་མི་དེ་ ཁྲིམས་འགལ་ཨིནམ་སྦེ་ ལྡོག་ཕྱོགས་ཀྱིས་བཀོད་ཡོདཔ།

༉ ཉིནམ་དག་པ་ཅིག་གི་ཧེ་མར་ རྒྱལ་ཡོངས་ཚོགས་སྡེ་གིས་ བློན་ཆེན་ལུ་ ལྟ་བཤལ་གོང་འཕེལ་གྱི་ དམིགས་བསལ་ལས་རིམ་ནང་ གཞུང་གིས་ གསར་སྤང་མེན་པར་ ལོག་སྟེ་ར་ གཞལམ་སྒང་རྫོང་ཁག་ བཙུགས་ནི་གི་ ཐུགས་བཞེད་གནང་དགོ་པའི་ ཡི་གུ་བྲིས་བའི་ཤུལ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ལུ་ གཞུང་གི་གྲོས་ཆོད་དེ་ ཆ་མེད་གཏང་དགོ་པའི་ ཞུ་ཡིག་ཅིག་ཕུལ་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་བཏང་མི་ ཡི་གུ་དེ་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ གཞུང་ལུ་ དེ་བཟུམ་མའི་ གྲོས་ཐག་བཅད་མི་དེ་གིས་ ཁྲིམས་ལས་འགལ་ནི་དང་ འཆར་དངུལ་གྱི་ བྱ་རིམ་ཚུ་ལུ་ ཐོ་ཕོག་ཉེན་ཡོད་པའི་སྐོར་ བཤད་ཡོད་རུང་ ཐུགས་ཐག་བཅད་ནུག་ཟེར་བཀོད་ནུག།
ལྷན་རྒྱས་གཞུང་ཚོགས་ཀྱིས་ གྲོས་ཆོད་དེ་ བསྒྱུར་བཅོས་འབད་ནི་ཨིན་པའི་སྐོར་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ང་གིས་ གོ་སྐབས་ལེན་ཏེ་ ཚ་གྱང་ཡོད་ལུགས་ ཞུ་མི་དེ་ ཚོགས་དཔོན་གྱིས་ ཐུགས་དཔྱད་རིག་གཏང་འོང་ཟེར་བཀོད་པའི་ཁར་ འབྲེལ་ཡོད་བཅའ་ཁྲིམས་ཚུ་ལས་ འགལ་ནི་ཨིན་མི་གིས་ མ་དོ་བར་ འཆར་གཞི་བརྩམ་ནི་དང་ འཆར་དངུལ་བྱ་རིམ་ནང་ཡང་ ཐོ་ཕོག་ཉེན་ཡོད་པའི་སྐོར་ལས་ ཁ་གསལ་སྦེ་ ཞུ་ཡི་ཟེར ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ བཀོད་ནུག།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་༢ ཀྱིས་ ཆ་འཇོག་གྲུབ་པའི་མཐའ་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའི་གནང་བ་ གྲོལ་བའི་ཤུལ་ལས་ དཔྱད་ཡིག་དེ་ འཕྲི་སྣོན་དང་ ཁྲིམས་མཐུན་བཟོ་ནིའི་ དབང་ཚད་མེད་ཟེར་ཨིན་པས།
སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ཤུལ་ལས་ གཞུང་གིས་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དེ་ ཁྲིམས་འགལ་ཐོག་ལས་ ཐག་བཅད་མི་ལུ་བལྟ་སྟེ་ ལྡོག་ཕྱོགས་ཚོགས་པ་ལུ་ ཧིང་ལས་ར་ ཚ་གྱང་ལང་དགོཔ་ བྱུང་ཡི་ཟེར་བཀོད་ནུག། 
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་༢༠༡༩-༢༠ ཅན་མ་ ཆ་འཇོག་གྲུབ་མིའི་ནང་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ཚུ་ནང་ དམིགས་བསལ་གྱི་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་ནུག།
འཆར་དངུལ་དཔྱ་བགོའི་དཔྱད་ཡིག་༢༠༡༩-༢༠ ཅན་མ་དེ་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་འདེབས་མཉམ་བསྡེབས་ཐོག་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ འཆར་དངུལ་དེ་ དམིགས་བསལ་གྱི་ རྫོང་ཁག་ནང་ བགོ་བཀྲམ་ཐོག་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ནང་ ཆ་འཇོག་འབད་དེ་ཡོདཔ་ལས་ གཞུང་གིས་ འཆར་གཞི་དང་ ལས་རིམ་ཚུ་ བསྒྱུར་བཅོས་འབད་ནི་གི་ དབང་ཚད་མེད་པའི་ཁར་ གཙོ་རིམ་ཅན་ཚུ་ཡང་ སྤྱི་ཚོགས་ནང་ མ་བཙུགས་པའི་ཧེ་མར་ སྒྲིག་ནི་དེ་གིས་ཨིན་པས།
གནད་དོན་དེ་ལུ་ གཞུང་ལུ་ ལྡོག་ཕྱོགས་ཀྱིས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༤ པའི་རྩ་དོན་༡ པ་དང་༣ པ་ལུ་ གཞི་བཞག་ཐོག་ལས་ དྲི་བཀོད་འབད་བའི་ཁར་ རྩ་ཚན་༢༠ རྩ་དོན་༨ པའི་ དགོངས་དོན་དང་འཁྲིལ་ཏེ་ དྲི་བཀོད་འབད་ཡོད་མིའི་ནང་ འཛིན་སྐྱོང་ལྷན་སྡེ་གིས་ སྤྱི་ཚོགས་ཀྱིས་བརྩམས་པའི་ཁྲིམས་ ཡང་ན་ ཁྱབ་དབང་ཡོད་པའི་ ཁྲིམས་གང་རུང་ཅིག་གི་ དགོངས་དོན་དང་ མ་མཐུན་པ་ ཡང་ན་ དེ་ཚུ་ བསྒྱུར་བཅོས་སམ་ ཁྱད་པར་འགྱུར་སྲིད་པ་ ཡང་ན་ ཆ་མེད་འགྱུར་སྲིད་པའི་ འཛིན་སྐྱོང་བཀའ་རྒྱ་ ཁྱབ་བསྒྲགས་སམ་ བཅའ་ཡིག་བརྡ་བསྐུལ་ཚུ་གང་ཡང་གནང་ནི་མེད་ཟེར་ཨིན་པས།
དེ་མ་ཚད་ ལྡོག་ཕྱོགས་ཀྱིས་ དམངས་རྩིས་བཅའ་ཁྲིམས་ཀྱི་ དོན་ཚན་༦༢ དང་༦༥,༥༨,༥༩,༦༠ དེ་ལས་༦༡ པ་ཚུན་ གཞི་བཞག་ཐོག་ལས་ འབད་མི་དེ་ཡང་ འཆར་དངུལ་བསྐྱར་ཞིབ་དང་ བདག་བཟུང་ཡོད་མི་ལུ་བརྟེན་ཨིན་ཟེར་བཀོད་ནུག།
དོན་ཚན་༦༢ པ་དང་འཁྲིལཝ་ད་ འཆར་དངུལ་ལས་སྡེ་ ག་གིས་འབད་རུང་ འཆར་དངུལ་དང་ དཔྱ་བགོ་བཅའ་ཁྲིམས་ ཡང་ན་ ཁྲིམས་མཐུན་དབང་ཆ་གཞན་དང་འཁྲིལ་ཏེ་མ་གཏོགས་ དཔྱ་བགོ་མེད་པའི་ལས་དོན་ཚུ་ ལག་ལེན་འཐབ་མི་ཆོག་ནི་ཨིན་པས།
དེ་དང་འཁྲིལ་ ལྡོག་ཕྱོགས་ཀྱིས་འབད་བ་ཅིན་ གཞུང་གིས་ འཆར་དངུལ་དང་ དཔྱ་བགོའི་དཔྱད་ཡིག་ནང་མེད་པའི་ ལས་སྣ་གི་ གྲོས་འཆར་ཚུ་ བཙུགས་མ་ཆོགཔ་ལས་ ཁྲིམས་འགལ་ཨིནམ་ད་ གཞུང་གིས་ སྤྱི་ཚོགས་དང་ རྩ་ཁྲིམས་ཆེན་མོ་ དེ་ལས་ དམངས་རྩིས་བཅའ་ཁྲིམས་ཚུ་ལུ་ གུས་ཞབས་དང་ ཆ་གནས་མེད་པར་ དོན་ཆེད་འབད་ར་ ཆ་འཇོག་གྲུབ་མི་ འཆར་དངུལ་དཔྱ་བགོ་དཔྱད་ཡིག་༢༠༡༩-༢༠ དེ་ སོར་བསྒྱུར་འབད་ནི་སྦེ་ ཐག་བཅད་ནུག་ཟེར་ བཀོད་ནུག།
གཞུང་གིས་ དེ་བཟུམ་མའི་ ཁྲིམས་འགལ་གྱི་ ཕྱག་ལཱ་མཛད་མི་གིས་ སྤྱི་ཚོགས་ཀྱི་བྱ་རིམ་དང་ བརྩི་མཐོང་ གཞི་རྩ་ལུ་ སྲོལ་ངན་པ་ བཙུགསཔ་མ་ཚད་ དམངས་གཙོའི་རིང་ལུགས་ལུ་ཡང་ ཐོ་སྦོམ་སྦེ་ར་ ཕོག་ནི་གི་ ཉེན་ཁ་འདུག་ཟེར་ ལྡོག་ཕྱོགས་ཀྱིས་བཀོད་ནུག།
ལྡོག་ཕྱོགས་ཚོགས་པའི་མགྲིན་ཚབ་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ ཚོགས་དཔོན་ལུ་ ཡི་གུ་བྲིས་མི་དེ་ཡང་ ཁྲིམས་བཟོ་ལྷན་སྡེའི་ གཙོ་འཛིན་ཅིག་འབདཝ་ལས་ ཐེ་གཏོགས་འབད་ནི་གི་ འོས་འབབ་སྦོམ་ཡོདཔ་ མཐོང་ཅི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ ལྡོག་ཕྱོགས་ཚོགས་པའི་འཐུས་མི བཙག་འཐུ་གྲུབ་མི་དང་ མ་གྲུབ་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ གནད་དོན་དེའི་སྐོར་ གྲོས་བསྟུན་འབདཝ་ད་ དེ་བཟུམ་མའི་ གྲོས་འཆར་བཙུགས་པ་ཅིན་ གནད་དོན་སེལ་ཚུགས་ནི་གི་ འོས་འབབ་མཐོང་ཅི་ཟེར་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཨིན་རུང་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ འཆར་དངུལ་ཡོངས་བསྡོམས་ལས་ ལྷག་སྟེ་མ་འགྱོ་བ་ཅིན་ གཞུང་གིས་ དེ་བཟུམ་ཐག་བཅད་མི་དེ་ ཁྲིམས་འགལ་འགྱོ་ནི་བཟུམ་ མ་མཐོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཁྲིམས་དོན་ངོ་ཚབ་དང་ ལྡོག་ཕྱོགས་ཀྱིས་ ཁྲིམས་འགལ་ཨིནམ་སྦེ་ མཐོང་པ་ཅིན་ གཞུང་གིས་ ཆ་འཇོག་གྲུབ་ཡོད་པའི་ འཆར་དངུལ་ཚུ་ ལག་ལེན་མ་འཐབ་པར་ བསྣར་བཞག་སྟེ་ ཤུལ་མའི་ འཆར་དངུལ་ནང་ བཙུགས་འོང་ཟེར་ཨིན་པས།
མ་གཞི་ འཆར་དངུལ་ལག་ལེན་འཐབ་ནིའི་ གནད་དོན་དེ་ གྲོས་བསྡུར་ཅན་ཅིག་ཨིན་རུང་ རྫོང་ཁག་སོར་བསྒྱུར་འབད་ནི་དེ་ ཁྲིམས་མཐུན་ཨིན་པའི་ཁར་ རྫོང་ཁག་ནང་ ལས་སྣ་ཚུ་ཡང་ འཕྲོ་མཐུད་དེ་ར་ འབད་འོང་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ གཞུང་གིས་ ལྡོག་ཕྱོགས་དང་ གྲོས་བསྟུན་འབད་ཆོག་ཆོ་ཡོད་རུང་ ཁོང་གིས་ འོང་མི་བཏུབ་པས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ སྦ་གསང་མེད་པར་ གྲོས་བསྟུན་དང་ ལོ་རྒྱུས་སླབ་ནི་ལུ་ ངོས་ལེན་ཡོདཔ་བཞིན་དུ་ ལྡོག་ཕྱོགས་ཀྱིས་འབད་རུང་ གྲོས་བསྟུན་འབད་བར་ འོང་དགོ་ཟེར་བཤདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *