གཞལམ་སྒང་གི་གནད་དོན།

༉ ད་རེས་ནངས་པར་ མི་སྡེ་བརྡ་བརྒྱུད་དང་ མི་མང་གི་གྲོས་གནས་ དེ་ལས་ ཁྲོམ་ཁ་ལས་ཕར་ གཞལམ་སྒང་གི་ ལྟ་བཤལ་སྐོར་ལས་ར་ ལོ་རྒྱུས་སླབ་མི་དང་ བཤད་ཐོ་བཏང་སར་མཐོངམ་མས།
ལ་ལོ་གིས་འབད་བ་ཅིན་ གནད་དོན་དེ་ལུ་ བརྡ་བརྒྱུད་ཀྱིས་ ཞིབ་འཇུག་མཐིལ་ཕྱིན་འབད་ཐོག་ལས་ ཕྱོགས་གཉིས་ཆ་རའི་ བདེན་ཁུངས་ཚུ་བཀོད་དེ་ མི་མང་ལུ་ དོགས་སེལ་འབད་དགོཔ་འདུག་ཟེར་ཨིན་མས།
གཞུང་གིས་ ལྟ་བཤལ་ལས་རིམ་གཙོ་ཅན་དེ་ བསྒྱུར་བཅོས་ཐོག་ གཞལམ་སྒང་ལས་ གསར་སྤང་ལུ་ སྤོ་སོར་འབད་མི་དེ་ལུ་ འཛོལ་བ་ཡོདཔ་ཨིན་ན?
སྤྱིར་བཏང་གི་ སྣང་བ་ལུ་ སྲིད་དོན་གྱི་དབང་དུ་ ཐལ་ཡོདཔ་བཟུམ་སྦེ་ མཐོང་གསལ་བྱུང་མི་དེ་ཡང་ དུས་ཅི་ གནམ་བྱཱར་གྱི་ སྤྱི་ཚོགས་ཀྱིས་་ གཞུང་གི་གྲོས་འདེབས་དང་འཁྲིལ་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ ལྟ་བཤལ་ལས་རིམ་དེ་ གཙོ་ཅན་ལས་རིམ་ནང་ བཙུགས་པའི་ཤུལ་ལས་ གཞུང་གིས་ སྤྱི་ཚོགས་ཀྱི་ གྲོས་ཆོད་ལུ་ མ་གུས་པར་ གསར་སྤང་ལུ་ བསྒྱུར་བཅོས་འབད་ནི་དེ་གིས་ཨིན་མས།
མ་གཞི་ ཕྱི་འབྲེལ་བློན་པོ་གིས་ བདེན་ཁུངས་བཀོད་དོ་བཟུམ་ གཞུང་སྐྱོང་ཚོགས་པ་ལུ་ སྲིད་བྱུས་དང་ ཐབས་བྱུས་ཚུ་ནང་ལྷོདཔ་ད་ བསྒྱུར་བཅོས་འབད་ནིའི་ དབང་ཚད་ཡོད་རུང་ གཞལམ་སྒང་གི་ གནད་དོན་ནང་ལྷོདཔ་ད་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་སྟེ་ དྲོད་མ་ཡལཝ་་ལས་ བསྒྱུར་བཅོས་བཏང་མི་ལུ་བརྟེན་ ལྡོག་ཕྱོགས་ཚོགས་པ་གིས་མ་དོ་བར་ ཁེངས་རིགས་རྣམ་གསུམ་གྱི་ མི་སེར་ཚུ་ཡང་ རྣམ་རྟོག་ལང་དགོཔ་བྱུང་ནུག།
གཞུང་གིས་འབད་བ་ཅིན་ ལྟ་བཤལ་གྱི་ དམིགས་བསལ་ལས་རིམ་དེ་ གསར་སྤང་ལུ་ སྤོ་བཤུད་འབད་མི་དེ་ཡང་ རྫོང་ཁག་དེ་ནང་ མི་རློབས་མངམ་ཡོད་པའི་ཁར་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་མངམ་སྒོ་ཕྱེ་དགོཔ་སྦེ་ སྤྱི་ཚོགས་ནང་ ཞུ་བ་ཕུལ་མི་དང་འཁྲིལ་ཨིནམ་མ་ཚད་ དགེ་ལེགས་ཕུག་གི་ ནང་འཁོད་གནམ་གྲུ་ཐང་ཡོདཔ་ལས་ ཉེ་འདབས་ཀྱི་རྫོང་ཁག་ རྩི་རང་དང་ ཀྲོང་གསར་ གཞལམ་སྒང་རྫོང་ཁག་ཚུ་ལུ་ཡང་ ཕན་ཁྱད་འབྱུང་ནི་གི་ འོས་འབབ་སྦོམ་ཡོད་མི་ལུ་བརྟེན་ཨིནམ་སྦེ་ འོས་ཁུངས་བཀལཝ་ཨིན་མས།
ཨིན་རུང་ མི་ཚུ་གིས་འབད་བ་ཅིན་ གཞལམ་སྒང་དེ་ རྫོང་ཁག་ཚུ་གི་གྲས་ལས་ རྒྱབ་ཁར་ལུས་མི་དང་ དབུལ་ཕོངས་ཁྱབ་ཆེ་དྲགས་སྦེ་ཡོད་མི་དེ་ དམིགས་བསལ་ལྟ་བཤལ་གཙོ་རིམ་གྱིས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་ བཟོ་ཚུགས་ནིའི་ གོ་སྐབས་ཡོད་ཟེར་ཨིན་མས།
ད་རུང་ གཞལམ་སྒང་གི་ གནད་དོན་ལུ་བརྟེན་ མི་སྡེ་དང་ ལུང་ཕྱོགས་ཀྱི་བར་ན་ གཅིག་མཐུན་དང་ འཆམ་མཐུན་བཟོ་ནི་མེན་པར་ གཞུང་གིས་ ལྷག་པར་དུ་ དབྱེ་ཁག་བཟོ་དོ་བཟུམ་ཅིག་དང་ མི་སེར་གྱིས་ སྤྱི་ཚོགས་ཀྱི་འཐུས་མི་ བཙག་འཐུ་འབད་མི་ལུ་ དྲི་བཀོད་འབད་ནི་དེ་ཡང་ མི་མང་ལས་ ངོས་ལེན་ལེགས་ཤོམ་ཅིག་མིན་འདུག།
དམངས་གཙོའི་རིང་ལུགས་ནང་ མི་མང་གི་ ཐོབ་དབང་དང་ གདམ་ཁ་ལུ་ ང་བཅས་ཀྱིས་ གུས་ཞབས་འབད་ནི་མ་གཏོགས་ འཕྱར་ཁ་ཞུ་ནི་དང་ དམའ་ཕབ་རྐྱབ་ནི་ སྐྱོན་བརྗོད་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་གིས་གནང་མི་ གཞི་རྟེན་ཐོབ་དབང་ལས་ རྒྱབ་འགལ་འགྱོཝ་ཨིན།
ང་བཅས་ཀྱིས་ སེམས་ཁར་བཞག་དགོཔ་དེ་ ལྡོག་ཕྱོགས་ཚོགས་པའི་ལཱ་དང་ འགན་ཁུར་དེ་ གཞུང་སྐྱོང་ནང་ དགག་བཤེར་དང ཚད་མཉམ་བཟོ་ནིའི་དོན་ལུ་ སྒོང་རྡོག་ལས་ ཟུར་འཚོལ་ཏེ་ རྒྱབ་འགལ་དང་ གདོང་ལེན་འབད་མི་ཚུ་ལུ་ ཧ་ལས་དགོཔ་དང་ འཁོན་འཛིན་བསྐྱེད་དགོཔ་མེད་རུང་ དེ་ཚུ་ལུ་ ངོས་ལེན་འབད་མི་འབད་དང་ ཆ་གནས་བཞག་མི་བཞག་དེ་ གཞུང་གི་དབང་ཚད་ཨིནམ་མ་ཚད་ བསམ་ལན་བྱིན་དགོཔ་ཅིག་ཡང་ མི་མཐོངམ་མས།
དེ་འབདཝ་ད་ གཞལམ་སྒང་གི་ གནད་དོན་དེ་ལུ་ གཞུང་གིས་ དོགས་སེལ་ཐོག་ གང་མགྱོགས་སྦེ་ སེལ་ཐབས་འབད་དགོཔ་མ་ཚད་ རབ་བྱུང་པ་ཅིན་ རྫོང་ཁག་གཉིས་ཆ་ར་ ལྟ་བཤལ་དང་འབྲེལ་བའི་ དམིགས་བསལ་ལས་རིམ་སྦེ་ དང་ལེན་འབད་རུང་ དཀའ་ངལ་སྦོམ་ཅིག་ མི་མཐོང་པས།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *