བཀྲིས་སྒང་པཱམ་ལུ་ སྐྱིན་འགྲུལ་ལས་འཆར་གྱི་ཐོག་ལས་ རྒྱ་སྐྱེད་འབད་ནིའི་འཆར་གཞི་ཡོད་མི་ སྣུམ་འཁོར་བཅོ་ཁང་ཅིག།

གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ལས་འཆར་གྱིས་ ཕན་ཐོགས་བྱུང་ཡོདཔ།

༉ ཡེ་ཤེས་ནོར་བུ་གིས་ སོ་ནམ་གྱི་ ལཱ་འབད་ཐོག་ལས་ ཁོ་རའི་ཨའི་ལུ་ ཆ་རོགས་འབད་ཐབས་ལུ་ ལོ་ངོ་༢ ཀྱི་ཧེ་མ་ ཁོ་རའི་གཡུས་ བཀྲིས་སྒང་ཡང་གཉེར་ལུ་ ལོག་འོང་ཡོདཔ་ཨིན་པས།
ལོ་བཅུ་ཕྲག་དེ་ཅིག་གི་ཧེ་མ་ ཡེ་ཤེས་ནོར་བུ་གིས་ སྐྱེས་ལོ་༡༥ ལས་ ཐིམ་ཕུག་ལུ་ ལཱ་གཡོག་འཚོལ་བར་ སོང་ཡོདཔ་བཞིན་དུ་ ལཱ་གཡོག་མ་ཐོབ་ནི་དེ་གིས་ ཚེམ་རྐྱབ་ནིའི་ སྦྱོང་བརྡར་འབད་ཡོད་རུང་ སྦྱོང་བརྡར་གྱི་བར་ན་ལས་ ཐིམ་ཕུག་གི་ བཟོ་སྐྲུན་ལས་སྡེ་ཅིག་གིས་ འཕྲུལ་ཆས་ལག་ལེན་པའི་ ལཱ་གཡོག་བྱིན་ཡོདཔ་ཨིན་པས།
སྐྱེས་ལོ་༢༨ ལང་མི་ ཡེ་ཤེས་ནོར་བུ་གིས་ སླབ་མིའི་ནང་ ཤེས་ཡོན་མེདཔ་ལས་ ལཱ་གཡོག་འཐོབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ཐོབ་མི་ མ་དངུལ་ཚུ་ལུ་བརྟེན་ ཐིམ་ཕུག་ལུ་ ལོ་༥ སྡོད་ཅི་ཟེར་ཨིན་རུང་ ཁོ་རའི་ལོ་ན་ཆུང་ཀུ་ལས་ ཨ་པ་གྱོངས་མི་ལུ་བརྟེན་ གཡུས་ཁར་ཨའི་༡ ལས་མེད་ནི་དེ་གིས་ ཆ་རོགས་འབད་བར་ འོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཁ་ལོག་འོང་ཞིནམ་ལས་ ཉིན་མར་ཀེ་བ་འཛུགས་སྐྱོང་འབད་དེ་ ཨའི་ལུ་ ཆ་རོགས་འབད་དོ་ཡོདཔ་བཞིན་དུ་ ཕྱི་རུ་ཚེམ་རྐྱབ་ཐོག་ལས་ མ་དངུལ་དུམ་གྲ་རེ་ བཟོ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་འགོ་དཔོན་གིས་ གཏའམ་བཙུགས་མ་དགོ་པའི་ སྐྱིན་འགྲུལ་ལས་རིམ་ཅིག་གི་སྐོར་ལས་ སླབ་ཡོདཔ་ལས་ ཁོ་གིས་ བྱ་གསོ་སྐྱོང་འགོ་བཙུགས་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ཆ་འཇོག་གྲུབ་ནུག་ཟེར་ཨིན་པས།
བཀྲིས་སྒང་གི་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་སྡེ་ཚན་གྱིས་ ཡང་གཉེར་ལུ་ བྱ་གསོ་སྐྱོང་འགོ་བཙུགས་ནིའི་དོན་ལུ་ གྲོས་འཆར་བཙུགས་མི་༣ གྱི་གྲས་ལས་ གཅིག་ཡེ་ཤེས་ནོར་བུའི་ གྲོས་འཆར་དེ་ཨིནམ་ད་ ད་ལྟོ་ཚུན་ རྫོང་ཁག་གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གིས་ མ་དངུལ་དངུལ་ཀྲམ་ ས་ཡ་༢༠.༧༢ དེ་ཅིག་གནས་པའི་ ཞུ་ཡིག་༡༡ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གི་ འཐུས་མི་ཚུ་དང་འཁྲིལཝ་ད་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་༢ ཡོད་མིའི་གྲས་ལས་ གཅིག་སྣུམ་འཁོར་བཅོ་ཁང་རྙིངམ་ཅིག་གི་ ས་ཁོངས་རྒྱ་སྐྱེད་དེ་ཨིནམ་ད་ གསེར་བཟང་སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ས་ཁོངས་རྒྱ་སྐྱེད་འབད་ཐོག་ལས་ ལཱ་གཡོག་གི་ གོ་སྐབས་དང་ སྤུས་ཚད་ཅན་གྱི་ ཞབས་ཏོག་སྤྲོད་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཅོ་ཁང་ནང་ ཅ་ཆས་ལེ་ཤ་མེདཔ་ལས་ ལས་བྱེདཔ་ཚུ་ ལཱ་མེད་པར་ སྡོད་དོ་ཡོད་རུང་ ལཱ་གཡོག་ནང་ལས་ བཏོན་གཏང་མི་ཚུགས་པས་ཟེར་ཨིནམ་ད་ ས་ཁོངས་རྒྱ་སྐྱེད་ཀྱི་དོན་ལུ་ སྐྱིན་འགྲུལ་འཐོབ་པ་ཅིན་ ཅ་ཆས་ཚུ་ ཉོ་ཞིནམ་ལས་ ལཱ་བཀོལ་ནི་དང་ གཡོག་གི་གོ་སྐབས་ཡང་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ མི་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་ སྤྲོད་མ་ཚུགས་ནི་དེ་གིས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་ སྣུམ་འཁོར་བཅོ་ཁང་ཚུ་ནང་ འགྱོ་དོ་ཡོདཔ་ལས་ དེ་ཚུ་ བཀག་ཐབས་འབད་ནི་ཟེར་ཨིན་པས།
དེ་ལས་ ཁོ་གི་ སྣུམ་འཁོར་བཅོ་ཁང་ནང་ སྣུམ་འཁོར་ཚུ་གི་ ཅ་ཆས་ཚུ་ ཆ་ཚང་སྦེ་ འཐོབ་ཚུགསཔ་བཟོ་སྟེ་ གོང་ཚད་དམའ་ཤོས་ཀྱི་ཐོག་ལས་ ཞབས་ཏོག་ལེགས་ཤོམ་སྤྲོད་ནིའི་ འཆར་གཞི་ཡོདཔ་ད་ ད་རེས་ བཅོ་ཁང་ནང་ ལཱ་འབད་མི་༢༣ ཡོད་ས་ལས་༢༠ འབྲུག་མི་ཨིན་པས།
གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གི་དྲུང་ཆེན་ དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྐྱིན་འགྲུལ་དེ་ལུ་ མི་ཚུ་ལས་ བསམ་ལན་ལེགས་ཤོམ་ ཐོབ་ཡོདཔ་མ་ཚད་ སྐྱིན་འགྲུལ་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ དོགས་སེལ་གྱི་དོན་ལུ་ཡང་ འོང་དེས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་ལུ་ འབྲུག་སྐྱིན་འགྲུལ་བརྡ་དོན་ཡིག་ཚང་ལས་ སྙན་ཞུའི་དོན་ལས་ མགུ་འཐོམ་དོ་ཡོདཔ་ལས་ སྐྱིན་འགྲུལ་གྱི་ ཞུ་ཡིག་བཙུགས་ནིའི་ནང་ དཀའ་ངལ་བྱུང་དོ་ཡོདཔ་མ་ཚད་ མ་དངུལ་དངུལ་ཀྲམ་ ས་ཡ་༠.༥ ལས་ལྷག་སྟེ་འབད་མི་ཚུ་ལུ་ ལས་འགུལ་གྱི་ གྲོས་འཆར་བཟོ་མ་ཚུགས་པའི་ དཀའ་ངལ་ཡང་ འདུག་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་འགོ་བཙུགས་ཁམས་ཅིག་ཁར་ འགོ་བཙུགས་མི་ སྐྱིན་འགྲུལ་དེ་ ནང་བཟོ་དང་ བཟོ་གྲྭ་ཆུང་བའི་ སྡེ་ཚན་ལུ་ བྱིན་དོ་ཡོདཔ་ད་ ཚོད་རྩིས་དངུལ་ཀྲམ་ ཐེར་འབུམ་༡.༥ དེ་ཅིག་ བཙུགས་མི་ལས་ སོ་ནམ་དང་ སྒོ་ནོར་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༥༣༠ དང་ སོ་ནམ་མེན་པའི་ ལས་སྣ་ཚུ་གི་དོན་ལས་ དངུལ་ཀྲས་ས་ཡ་༩༥༠ དཔྱ་བགོ་རྐྱབ་སྟེ་ཡོདཔ་ཨིན་པས།
སྐྱིན་འགྲུལ་དངུལ་ཀྲམ་ ས་ཡ་༠.༥ ལས་ ས་ཡ་༡༠ ཚུན་ སོ་ནམ་གྱི་དོན་ལུ་ ལོ་༡ ནང་ དངུལ་སྐྱེད་བརྒྱ་ཆ་༨ དང་ སོ་ནམ་མེན་པའི་ ལས་སྣ་ཚུ་གི་དོན་ལས་ ལོ་༡ ནང་ དངུལ་སྐྱེད་བརྒྱ་ཆ་༨.༥ རེ་སྦེ་ དངུལ་འབྲེལ་ལས་ཁང་ཚུ་ནང་ལས་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *