༉ འཆར་གཞི་༡༢ པའི་ནང་ཚུད་མི་ ལས་སྣ་ཚུ་ ཁག་མི་ཆེ་བས་ཟེར་མེན་པར་ མ་དངུལ་དང་ དུས་ཚོད་ཀྱིས་ བདའ་མ་ཟུན་མི་ལུ་བརྟེན་ ཁག་ཆེ་བའི་ལས་སྣ་ཚུ་ གཙོ་རིམ་བཟུང་སྟེ་ར་ཡོད་ཟེར་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༩ ལུ་ འཆར་གཞི་༡༢ པ་ཆ་འཇོག་གྲུབ་སྟེ་ ལས་སྣ་ཚུ་ འགོ་བཙུགས་རནམ་ད་ ནད་ཡམས་ཀྱི་ སྟབས་མ་བདེཝ་ ཐོན་ཡོདཔ་མ་ཚད་ སྒྲིག་གཞི་ཚུ་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་ཡང་བསྐྱར་དུ་ འབད་དགོཔ་ཐོན་ཡོདཔ་ལས་ སྟབས་མ་བདེཝ་ཐོན་ཡི་ཟེར་ཨིན་པས།
ནད་ཡམས་ཀྱི་སྐབས་ལུ་ གཞུང་གིས་ ཞལ་འཛོམས་མང་རབས་ཅིག་ གནང་ཐོག་ལས་ རྒྱལ་ཁབ་ནང་གི་ མཁས་མཆོག་ལག་ལེན་དང་ ནང་འཁོད་ལས་ཐོན་པའི་ཅ་ཆས་ སྤྱོད་བཏུབ་མི་ཚུ་ ལག་ལེན་འཐབ་དགོཔ་སྦེ་ བཟོ་བའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཁེ་ཕན་མེད་པའི་ ལས་སྣ་ཚུ་ ཕར་འགྱངས་འབད་ཡི་ཟེར་ བློན་ཆེན་གྱིས་ཞུ་ཡི།
རྫོང་ཁག་ཚུ་ནང་ ཡིག་ཚང་རྐྱབ་དགོཔ་ཡོད་མི་ཚུ་ ཆ་མེད་མེན་པར་ ཕར་འགྱངས་འབད་བའི་ཁར་ དཔལ་འབྱོར་ལུ་ ཁེ་ཕན་མེད་པའི་ལས་འགུལ་ དྲང་ཁྲིམས་ལྷན་སྡེའི་ སྒྲིང་ཁྱིམ་རྐྱབ་དགོཔ་ཡོད་མི་དང་ ར་བ་བསྒོར་ནི་ འཛུལ་སྒོ་རྐྱབ་ནི་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།
ཤིང་མཁར་-སྒོར་གཱན་བར་ནའི་འཁོར་ལམ་དང་ བཀྲིས་གཡང་རྩེ་-ལྷུན་རྩེའི་གཞུང་ལམ་ཚུ་ ཕྱིར་འགྱངས་འབད་ཡོདཔ་ད་ རྒྱལ་ཁབ་ནངའཁོད་ ཞལ་འཛོམས་འགོ་འདྲེན་འཐབ་རུང་ གཞུང་གཡོགཔ་ཚུ་ལུ་ འཐུས་བྱིན་སྲོལ་ཡོད་མི་དེ་ མེདཔ་བཟོ་ནུག།
གཞུང་གིས་ ཞིབ་འཚོལ་འབད་བའི་སྐབས་ མི་སེར་ཚུ་ལུ་ ཕན་ཐོགས་ཤོས་ར་ འཁོར་ལམ་དང་ འཐུང་ཆུ་ དེ་ལས་ ཞིང་ཆུའི་དཀའ་ངལ་སེལ་ནི་དེ་ཨིནམ་ལས་ འཐུང་ཆུ་དང་ ཞིང་ཆུའི་དོན་ལུ་ དངུལ་ཀྲམ་ས་ཡ་༥༠༠ ཐེབས་བྱིན་ཏེ་ ལས་འགུལ་༡༣༠ དེ་ཅིག་ བདེ་སྲུང་གཙུག་སྡེ་དང་ ལ་ལོ་ཅིག་ ཁག་འབགཔ་གིས་ རྐྱབ་པའི་བསྒང་ཡོད་ཟེར་ བློན་ཆེན་གྱིས་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ གྲོང་གསེབ་ནང་ལས་ཕར་ གནམ་བྱཱར་དགུན་མེད་པར་ སྣུམ་འཁོར་འགྱོ་བཏུབ་པའི་ སོ་ནམ་ཞིང་ལམ་ཅིག་དགོཔ་ལས་ ཞིང་ལམ་ཀི་ལོ་མི་ཊར་༡༢,༠༠༠ ཡོད་ས་ལས་ ཀོ་མི་ཊར་༩,༠༠༠ དེ་ཅིག་ རྡོ་གཞིབ་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༦ དེ་ཅིག་ ཟད་རྩིས་བཏོན་ཏེ་ཡོད་ཟེར་ཞུ་ཡི།
དངུལ་ཀྲམ་ཐེར་འབུམ་༢.༥ གནས་པའི་ རྡོ་གཞིབ་ནིའི་ལཱ་ གོ་རིམ་༡ པ་འབད་ཚར་ཏེ་ གོ་རིམ་༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ བཞག་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།
བློན་ཆེན་གྱིས་ གཞུང་ལྟེ་བ་དང་ ཁྲོམ་ཚོགས་ཀྱི་འཁོར་ལམ་ རྩིས་ནག་གཏང་ནི་རྐྱངམ་གཅིག་མེན་པར་ གྲོང་གསེབ་ནང་ རང་སོའི་སྒོའི་རྩ་བར་ཚུན་ཚོད་ ཞིང་ལམ་མེད་མི་ཚུ་ བསལ་ནི་དང་ ལམ་ཡོད་མི་ཚུ་ རྡོ་གཞིབ་ནི་ དེ་ལས་ རྩིས་ནག་གཏང་དགོཔ་ཁག་ཆེ་ཟེར་ ཞུ་ཡི།
གཞུང་གིས་ མ་དངུལ་དུམ་གྲ་རེ་ བསགས་བཞག་མི་ཚུ་ ས་མཚམས་ཕྱི་ཁ་ལས་ ཕྱི་མི་ནང་ན་འོངམ་ད་ སྡོད་སའི་ཁང་མིག་དང་ ཟུར་བཞག་ཁང་ དེ་ལས་ དངུལ་ཀྲམ་ཐེར་འབུམ་༢.༥ གནས་པའི་ ཟུར་བཞག་ལྟེ་བ་ཅིག་རྐྱབ་དོ་ཟེར་ཨིནམ་ད་ དེ་ནང་ མི་ངོ་༣,༠༠༠ ཤོང་ཚུགས་ཟེར་ཨིན་པས།
བློན་ཆེན་གྱིས་ ནད་ཡམས་སྐབས་ རྒྱལ་ཁབ་ཀྱི་ ས་མཚམས་ནང་འཁོད་དང་ མི་རློབས་ལེ་ཤ་ཡོད་སའི་ ས་མཚམས་ཁར་དང་ ཀི་ལོ་མི་ཊར་༡༥ དེ་ཅིག་ ལྕགས་སྐུད་ར་བ་ཚུ་བསྒོར་ཏེ་ཡོད་ཟེར་ ཞུ་ཡི།
རྩིས་ལོ་༢༠༢༢-༢༣ གྱི་འཆར་དངུལ་ནང་ཚུད་མི་ ལས་སྣ་ཚུ་འབད་བ་ཅིན་ གཞུང་གི་ལག་པར་ཨིནམ་ལས་ ལས་འགུལ་ཚུ་ བསྒྲུབ་ཚུགསཔ་འབད་འོང་ཟེར་ཨིནམ་ད་ རྩིས་ལོ་དེ་ནང་མ་ཚུད་མི་ ལས་སྣ་ཚུ་ འཆར་གཞི་༡༢ པའི་ནང་ འབད་མ་ཚུགས་པའི་ ལོ་རྒྱུས་ཨིན་ཟེར་ བློན་ཆེན་གྱིས་ ཞུ་ཡི།
གནད་དོན་དེ་ཡང་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་འཐུས་མི་ ལུང་བསྟན་རྣམ་རྒྱལ་གྱིས་ ནད་ཡམས་ཀྱི་གནས་སྟངས་ ཡར་དྲག་འགྱོ་དོ་ཡོདཔ་ལས་ འཆར་གཞི་༡༢ པའི་ གཙོ་རིམ་སྒྲིག་མི་ ལས་སྣ་ལེ་ཤ་ར་ ཕར་འགྱངས་འབད་མི་ཚུ་ འཆར་གཞི་༡༢ པའི་ནང་ འཕྲོ་མཐུད་འབད་ནི་དང་ ཡང་ཅིན་ གཏན་འཇགས་སྦེ་ར་ ཕར་འཕུད་རྐྱབ་བཞག་ནི་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།