གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་དེ་ ངོས་ལེན་མེདཔ།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནིའི་འོས་འབབ་ ག་དེ་སྦེ་ཡོདཔ་ཨིན་ན་ ཚོགས་ཆུང་གིས་ དབྱེ་ཞིབ་འབད་བའི་སྐབས་ འབྲུག་མི་ཚུ་ལས་ ངོས་ལེན་མེད་པའི་ མངོན་གསལ་བྱུང་ནུག།

སྤྱི་ཟླ་༣ པའི་ཚེས་༢ ལུ་ བློན་པོའི་ལྷན་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ གསོ་བའི་ཞབས་ཏོག་དང་ ནུས་ཤུགས་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནིའི་ གནས་སྐབས་དེ་ མི་ལ་ལོ་ཅིག་གིས་ གོ་བ་བརྡ་ལོག་སྦེ་ ལེན་མི་ལུ་བརྟེན་ བཤོལ་བཞག་ཡི་ཟེར་ཨིན་པས།

ཚོགས་ཆུང་གིས་ དབྱེ་ཞིབ་འབད་བའི་སྐབས་ སྨན་ཁང་རང་སྐྱོང་བཟོ་མི་དེ་གིས་ སྤུས་ཚད་ལྡན་པའི་ ཞབས་ཏོག་ཡར་དྲག་གཏང་ཚུགས་པའི་ འོས་འབབ་ཡང་ མཐོང་ཡོདཔ་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལོ་ཕྱེད་ཀྱི་ གཞུང་སྐྱོང་མཆོག་འགྱུར་བསྐྱར་ཞིབ་འབད་བའི་སྐབས་ སྨན་ཁང་གི་ གཙོ་འཛིན་གྱིས་ གཞུང་གིས་ གནང་ནི་འབད་མི་བཟུམ་མའི་ རང་སྐྱོང་ལེ་ཤ་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ སྤྱི་ཚོགས་དང་བརྡ་བརྒྱུད་ དེ་ལས་ གོ་སྐབས་ག་ཏེ་ཐོབ་སར་ ལས་འཛིན་ལུ་ བཟོ་ནི་ཨིན་མི་དེ་ ཁེབ་ས་དང་ གསོ་བའི་ཞབས་ཏོག་ཚུ་ སྤྱོད་པའི་སྐབས་ འཐུས་ལེན་ནིའི་དོན་ལུ་ མེན་པའི་སྐོར་ལས་ གསལ་བཤད་འབད་ཡི་ཟེར་ཨིན་པས།

སྨན་ཁང་ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་ཨིན་མི་དེ་ གོ་བ་བརྡ་ལོག་སྦེ་ ལེན་ཡོདཔ་ལས་ ལས་འཛིན་ལུ་ མི་བཟོ་ཟེར་ཨིནམ་ད་ མ་གཞི་ གཞུང་གི་ཁ་ཐུག་ལས་ རང་སྐྱོང་ལེ་ཤ་བྱིན་ནི་དེ་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ ག་ཅི་ཡང་ འབད་ཐབས་མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ གཞུང་གི་གནས་ཡུན་ ཟླཝ་༥ དེ་ཅིག་ལས་མེད་རུང་ སྨན་ཁང་གི་ རང་སྐྱོང་ཡར་སེང་གཏང་ནི་ལུ་ གཞུང་གིས་ འཕྲོ་མཐུད་འབད་འོང་ཟེར་ཨིན་པས།

བློན་ཆེན་གྱིས་ རྒེད་འོག་༢༠༥ ནང་ གཟིགས་སྐོར་གནང་པའི་སྐབས་ རྒེད་འོག་ལ་ལོ་ཅིག་གིས་ ལས་འཛིན་ལུ་ བཟོ་མི་དེ་གིས་ གསོ་བའི་ཞབས་ཏོག་ཚུ་ལུ་ འཐུས་བྱིན་དགོ་པའི་ ཚ་གྱང་འདུག་ཟེར་ཨིནམ་ལས་ གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ མི་བཟོ་ཟེར་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ གཙོ་བསྟེན་སྨན་ཁང་གི་ ལོ་༤ དང་ ད་རེས་ཀྱི་ གནས་སྟངས་དང་ཕྱདཔ་ད་ ཞབས་ཏོག་ཡར་དྲག་དང་ གཙང་སྦྲ་ལ་སོགས་པའི་ ཁྱད་པར་ཡོདཔ་མ་ཚད་ ནདཔ་གི་གྱངས་ཁ་འབད་རུང་ ལེ་ཤ་ལུ་ སྨན་བཅོས་འབད་དོ་ཡོད་མི་དེ་ཡང་ རང་སྐྱོང་བྱིན་མི་ལུ་བརྟེན་ཨིནམ་ལས་ གཞུང་གི་གནས་སྐབས་དེ་ཡང་ རང་སྐྱོང་ལེ་ཤ་བྱིན་ནི་དེ་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ སྤུས་ཚད་ཅན་ཅིག་ལུ་ ཡར་དྲག་གཏང་དགོཔ་དེ་ ཁག་ཆེ་མི་ལུ་བརྟེན་ རང་སྐྱོང་ལེ་ཤ་བྱིན་ཐབས་ལུ་ཨིནམ་ད་ གཞུང་གི་གཙུག་སྡེ་ཅིག་འབདཝ་ལས་ རང་སྐྱོང་བྱིན་ཚུགས་མི་ཅིག་ བྱིན་ཡི་ཟེར་ཨིནམ་ལས་ རང་སྐྱོང་ལེ་ཤ་དགོ་པ་ཅིན་ གཞུང་གི་ལམ་ལུགས་དེ་ བཤོལ་བཤག་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *