གཙོ་བསྟེན་སྨན་ཁང་གི་ འཕྲུལ་ལསཔ་ཅིག་གིས་ དྲན་ཉམས་སྨན་ཁབ་རྐྱབ་པའི་ རྫུན་ཁ་བཟེད་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འཕྲུལ་ལསཔ་ཕོ་སྐྱེས་ཅིག་གིས་ ནད་གཡོགཔ་ཨམ་སྲུ་ཅིག་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་འབདཝ་མེན་པར་ ཁོང་ར་གཉིས་ མོས་མཐུན་ཐོག་ལས་ འབད་ཡོདཔ་སྦེ་ སླབ་ཡོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༦ གི་དྲོ་པའི་ ཆུ་ཚོད་༩ དེ་ཅིག་ཁར་ གཙོ་བསྟེན་སྨན་ཁང་གི་ ཚན་རིག་བརྟག་དཔྱད་སྡེ་ཚན་གྱི་ ཌོག་ཊར་ཅིག་གིས་ སྐྱེས་ལོ་༢༨ ལང་མི་ ནད་གཡོགཔ་ཨམ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ དོགས་པ་ཡོད་པའི་སྐོར་ སྙན་ཞུ་འབད་དེས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ གཤག་བཅོས་ཀྱི་ ནདཔ་ཚུ་བཞག་སའི་ ཁང་མིག་ནང་ བཞག་ཡོད་མི་ མོ་གི་ཨ་མའི་ ནད་གཡོགཔ་སྦེ་འོང་མི་ ཉམས་རྒུདཔ་ཨམ་སྲུ་དེ་ སྤྱི་ཚེས་༥ གི་ནུབ་མོའི་ ཆུ་ཚོད་༡༡ དང་༡༢ ཀྱི་བར་ན་ དེ་ཚེ་ སྒྲིག་གཡོག་ནང་སྡོད་མི་ སྨན་གཡོགམོ་ཅིག་གིས་ གཤག་བཅོས་ཁང་གི་ ཉེ་འདབས་ལུ་ ཁྲག་བརྟག་དཔྱད་འབད་བར་ འབོ་ནུག་ཟེར་ཨིན་པས།
དེ་ལས་ ཉམས་རྒུདཔ་དེ་ སྨན་ཁང་ཐོག་ཚད་༢ པའི་ནང་སོང་སྟེ་ སྨན་གཡོགཔ་ཕོ་སྐྱེས་ཅིག་དང་ ཕྱད་ཡོདཔ་ལས་ ཁོ་གིས་ ཁང་མིག་ཅིག་ནང་ཁྱིད་དེ་ ནདཔ་གི་དོན་ལུ་ ཁྲག་བརྟག་དཔྱད་འབད་དགོ་པས་ཟེར་ སླབ་མི་ལུ་བརྟེན་ ཁོ་གིས་ ཁྲག་ཤུགས་དང་ ཁྲག་གི་དཔེ་ཚད་ཅིག་ ལེན་ཡོད་པའི་ སེམས་ཁར་དྲནམ་མས་ཟེར་ ཉམས་རྒུདཔ་གིས་ བཤདཔ་ཨིན་པས།
ཉམས་རྒུད་པའི་ ངག་བརྗོད་དང་འཁྲིལཝ་ད་ སྨན་གཡོགཔ་དེ་གིས་ སྨན་ཆུ་ཅིག་ བཙུགས་བྱིན་པའི་ཤུལ་ལས་ དྲན་མེད་ཐལ་སོཔ་ལས་ ག་ཅི་འབད་ཡི་ག་ སེམས་ཁར་མི་དྲནམ་མས་ཟེར་ཨིནམ་ད་ དྲན་པ་ལྷོད་པའི་སྐབས་ མོ་ར་སྡོད་ཁྲི་ཅིག་གུ་ ཡོད་པའི་ཁར་ བཟི་འཐོམ་འཐོམ་དང་ མིག་གིས་ཡང་ ལེགས་ཤོམ་སྦེ་ མ་མཐོངམ་མ་ཚད་ ཁ་ལས་ཡང་ སྐྱུགས་ཅི་ཟེར་ཨིན་པས།
དེ་ཅིག་གི་བར་ན་ མོ་གིས་ ཨམ་སྲུ་ཅིག་འགྱོ་སར་ མཐོང་ཡོདཔ་ལས་ ཨམ་སྲུ་དེ་ལས་ རྒྱབ་སྐྱོར་ལེན་མི་ལུ་བརྟེན་ སྨན་ཁང་གི་ ཌོག་ཊར་ཅིག་ཨིན་མི་ ཨམ་སྲུ་དེ་གིས་ ཉམས་རྒུདཔ་དེ་ གློ་བུར་ནད་བརྟག་ཁང་མིག་ནང་ བསྐྱལ་ནུག་ཟེར་ འགག་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ དོགས་པ་ཅན་དེ་ སྐྱེས་ལོ་༣༠ ལང་མི་ གཙོ་བསྟེན་སྨན་ཁང་གི་ འཕྲུལ་ལསཔ་ཅིག་ཨིན་པའི་ ངོས་འཛིན་འབད་ཡོདཔ་ལས་ དེ་ཚེ་ར་ ཀ་ལ་བ་ཛར་ལུ་ ཁོ་རའི་ཁྱིམ་ནང་ལས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དོགས་པ་ཅན་དེ་གིས་ ཧེ་མ་ཡང་ སྨན་ཁང་ནང་ལས་ རྒྱང་མཐོང་ཊི་བི་ཅིག་ འཐུ་འབག་ཡོད་པའི་ ཉེས་ལས་ཀྱི་ ཐོ་བཀོད་ཡོད་མི་ལུ་བརྟེན་ ད་ལྟོ་ ཁོ་གི་ འདས་པའི་ཉེས་ལས་ཚུ་གི་སྐོར་ལས་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *