གཙོ་བསྟེན་སྨན་ཁང་གི་ མིག་ནད་སྨན་བཅོས་ལས་ཁུངས་ནང་ མི་སྟོབས་ཀྱི་དཀའ་ངལ།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མིག་ནད་སྨན་བཅོས་ལས་ཁུངས་ནང་ མི་སྟོབས་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ནེ་པཱལ་རྒྱལ་ཁབ་ལས་ མིག་སྐྱི་གཤག་བཅོས་འབད་མི་ དྲུང་འཚོ་ཅིག་ གླ་ཁར་ལེན་ནི་ཨིན་པས།
མིག་ཏོག་སྨན་བཅོས་ལས་ཁུངས་ཀྱི་འགོ་འཛིན་ ཌོག་ཊར་ངག་དབང་བསྟན་འཛིན་གྱིས་ བཤད་མིའི་ནང་ མིག་སྐྱི་ལས་བརྟེན་པའི་ནདཔ་ཚུ་ ཕྱི་ཁར་སྨན་བཅོས་འབད་བར་ བཏང་དོ་ཡོདཔ་ཨིན་རུང་ ནེ་པཱལ་ལས་ གཤག་བཅོས་འབད་མི་ ཌོག་ཊར་༡ གནས་སྐབས་ཅིག་གི་དོན་ལུ་ གླ་ཁར་ལེན་མི་དེ་གིས་ ཟད་འགྲོ་མངམ་མི་གནས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
ཁོ་གིས་འབདབ་ཅིན་ ནེ་པཱལ་ལུ་ཡོད་མི་ ཏིལ་གང་ག་མིག་ཏོག་སྨན་བཅོས་སྤེལ་ཁང་ནང་ལས་ མིག་སྐྱི་གཤག་བཅོསཔ་ཅིག་ ཁོང་གི་སྤེལ་ཁང་དང་ ཡང་ཅིན་ གཞན་ཁ་ལས་ གཏང་དགོཔ་སྦེ་ མདོ་ཆེན་ལུ་ ཞུ་བ་འབད་ཡི་ཟེར་ཨིན་པས།
མིག་སྐྱི་གཤག་བཅོས་འབད་མི་དེ་ རྒྱལ་ཁབ་ནང་ ཡུན་རིངམོ་གི་དོན་ལུ་ འབོ་བ་ཅིན་ ཟད་འགྲོ་ལྕི་དྲགས་ནི་ཨིནམ་ལས་ བདུན་ཕྲག་༡ དེ་ཅིག་གི་དོན་ལུ་ འབོ་འོང་ཟེར་ཨིན་པས།
ཌོག་ཊར་འབོ་ནི་གི་དོན་ལུ་ ཡིག་ཆ་ཚུ་ག་ར་ གྲ་སྒྲིག་སོང་སྟེ་ཡོདཔ་ལས་ སྤྱི་ཟླ་༦ པའི་བདུན་ཕྲག་དང་པའི་ནང་ རྒྱལ་ཁབ་ནང་ ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཌོག་ཊར་ངག་དབང་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མིག་སྐྱི་གཤག་བཅོསཔ་དེ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ དགོངས་ཞུ་འབད་བའི་ཤུལ་ལུ་ ཞབས་ཏོག་དེ་ གནས་སྐབས་ཅིག་ མཚམས་འཇོག་འབད་ཡོད་རུང་ ཕྱི་ཁ་ལས་ ཌོག་ཊཪ་འབོ་ཞིནམ་ལས་ མི་སེར་ཚུ་ལུ་ ཞབས་ཏོག་ལོག་སྤྲོད་ནི་ འགོ་བཙུགས་ནི་ཨིན་པས།
སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་འབད་བ་ཅིན་ སྨན་ཁང་ནང་ མིག་སྐྱི་ནད་གཞི་ཡོད་མི་གི་ གནད་དོན་མང་རབས་ཅིག་ཡོདཔ་ལས་ མི་སྟོབས་ཚོགས་ཆུང་གིས་ འཕྲལ་ཁམས་ཅིག་ཁར་ ཞལ་འཛོམས་འཚོགས་པའ་ིསྐབས་ མིག་སྐྱི་གཤག་བཅོསཔ་ཅིག་ ནེ་པཱལ་ལས་ གླ་ཁར་ལེན་ནི་སྦེ་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
གཤག་བཅོས་དྲུང་འཚོ་ ཡུན་རིངམོ་སྦེ་ གླ་ཁར་ལེན་པ་ཅིན་ ཟད་འགྲོ་གིས་ འབད་མི་ཚུགས་ནི་ཨིནམ་ལས་ ཟླཝ་གཅིག་ནང་ བདུན་ཕྲག་རེ་ ལེན་ནི་སྦེ་ ཐག་བཅད་ཅི་ཟེར་ བཤདཔ་ཨིན་པས།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ འབད་མ་ཅིན་ མིག་ཏོ་སྨན་བཅོས་ལས་ཁུངས་ནང་ ལས་བྱེདཔ་ལ་ལོ་ཅིག་ ངལ་གསོ་དང་ ལ་ལོ་དགོངས་ཞུ་འབད་ཡོདཔ་ལས་ ལས་བྱེདཔ་མ་ལང་པའི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
སྨན་ཁང་ནང་ མིག་ནད་མཁས་མཆོག་དང་ མིག་ཏོ་ལས་རོགསཔ་༡༧ ཡོད་མི་ལས་ མིག་ཏོ་དྲུང་འཚོ་༢ ངལ་གསོ་ནང་དང་༣ དགོངས་ཞུ་འབད་ནུག།
ད་ལྟོ་ མིག་ནད་མཁས་མཆོག་དང་ ལས་རོགསཔ་བརྩིས་ཏེ་ མི་༡༢ ཡོད་མི་དེ་གིས་ ལཱ་ག་ཏེ་ཐོན་སལ་ ཆ་རོགས་འབད་ཐོག་ལས་ མི་སེར་ཚུ་ལུ་ ཞབས་ཏོག་སྤྲོད་དོ་ཟེར་ཨིན་པས།
ན་ཧིང་ ལས་ཁུངས་ནང་ ནདཔ་ཡོངས་བསྡོམས་༣༩,༨༣༣ འོང་མི་ལས་༩༠༥ གཤག་བཅོས་འབད་ཡོདཔ་ད་ དེ་ནང་ལས་ནདཔ་༤༦༠ མིག་ཏོ་ནང་ ལིང་ཏོག་སྐྱེས་མི་ཚུ་ཨིན་པས།
མིག་ཏོ་ལྟེ་བ་གསརཔ་གཞི་བཙུགས་འབད་མི་དེ་ནང་ ད་ལྟོ་ཡོད་མི་ ལས་བྱེདཔ་བརྩིས་ཏེ་ མི་སྟོབས་བསྡོམས་༥༦ དགོཔ་སྦེ་ གྲོས་འཆར་བཙུགས་ཡོད་ཟེར་ ཌོག་ཊཪ་ངག་དབང་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
གཙོ་བསྟེན་སྨན་ཁང་གི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་ མིག་ཏོ་ལྟེ་བ་དེ་ནང་ ཉལ་ཁྲི་༡༦ འོང་ནི་བཞིན་དུ་ ལྟེ་བ་དེ་ སང་ཕོད་སྤྱི་ཟླ་༦ པའི་ནང་ བཟོ་སྐྲུན་འབད་ཚར་ནི་གི་ རེ་བ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *