གཙུག་སྡེ་༢ ཆ་ར་གིས་ ཉེས་བཤེར་འབད་ནིའི་ འགན་འཁྲི་ཡོད་པའི་ཐོབ་བརྗོད།

༉ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གཉིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ཨིན་རུང་ ད་རེས་ནངས་པར་ འཁོན་ཞུགས་དོ་བཟུམ་མའི་ མཐོང་སྣང་བྱུངམ་ཨིན་པས།
གཙུག་སྡེ་དེ་གཉིས་ཀྱི་བར་ན་ འཁོན་ཞུགས་མི་དེ་ཡང་ ཞིབ་དཔྱད་རྐྱབ་ནི་དང་ ཉེས་བཤེར་འབད་ནིའི་ འགན་ཁུར་ཚུ་གི་ཐད་ལུ་ལྷོདཔ་ད་ གཅིག་གིས་གཅིག་གི་ འགན་འཁྲི་ནང་ ཧམ་འཛུལ་འབད་བའི་ ཁ་ཉེས་བཀལཝ་ཨིན་མས།
ད་རེས་ རྩོད་རྙོགས་ཐོན་མི་དེ་ གཙོ་བོ་ར་ ཁྲལ་ཟུར་ཐབས་འབད་བའི་ རྩོད་བཤེར་ཅིག་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་ཏུགས་ཐོག་ རྒྱལ་ཁམས་ཀྱི་ ཉེས་བཤེརཔ་ལས་ ཉེས་བཤེར་གྱི་ འགན་ཁུར་ལེན་ནི་དེ་གིས་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ཀྱི་ རྒྱབ་འགལ་ལུ་ མཐོ་གཏུགས་འབད་མ་བཏུབ་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནུག།
ད་ལྟོ་ རྩོད་དོན་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ཡོད་རུང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་༢ ཀྱི་ལཱ་དང་ འགན་ཁུར་སྐོར་ལས་ མི་ཚུ་གིས་ དྲི་བཀོད་འབདཝ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་འགན་འཁྲི།
ལྷན་ཚོགས་ལུ་ ངན་ལྷན་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མ་གིས་ ཉེས་བཤེར་འབད་ཆོག་པའི་ དབང་ཚད་བྱིན་ཡོདཔ་བཞིན་དུ་ ཧེ་མ་ཡང་ རྩོད་བཤེར་དག་པ་ཅིག་འབད་ནུག།
ཁྲིམས་རྩོདཔ་ཅིག་གིས་ སླབ་མིའི་ནང་ གཙུག་སྡེ་གཉིས་ཆ་ར་གིས་ རང་སོའི་གཙུག་སྡེ་ཉེན་སྐྱོབ་དང་ ཡང་ཅིན་ གཙུག་སྡེ་དང་འབྲེལ་བའི་ མཐའ་དོན་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་ནི་ལས་ འཛེམ་དགོ་ཟེར་ཨིནམ་ད་ ཉེས་བཤེར་ཚུ་ གཞི་ཁུངས་དང་ རྒྱལ་ཁབ་ཀྱི་ མཐའ་དོན་ཚུ་ལུ་ གཞི་བཞག་སྟེ་འབད་ནི་མ་གཏོགས་ གཅིག་གིས་གཅིག་ལུ་ འཁོན་ཞུགས་དང་ ཁན་འཆམ་མ་ཚུགས་པར་ ངར་འཛིན་གུ་བཀལ་ཏེ་ ཧད་འཕུལ་ནི་མི་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁྲིམས་དོན་མཁས་མཆོག་ཚུ་ལུ་ གནད་དོན་དེ་གི་སྐོར་ལས་ དྲི་བའི་སྐབས་ སྦ་གསང་མེད་པའི་ བསམ་འཆར་ཚུ་ བཤད་དོ་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཕུད་རྡོག་གཅིག་གིས་ ཐག་བཅདཔ་ད་ རེ་ཚེ་སྐབས་ རྣམ་དག་དང་ དྲང་སྤྱོད་མེདཔ་འགྱོ་ནི་ཨིནམ་ལས་ དེ་བསྒང་ ཉེས་བཤེར་དང་ ཞིབ་དཔྱད་འབད་ནི་གི་ འགན་ཁུར་ག་ལུ་ཡོད་རུང་ དེ་ལུ་མ་བལྟ་བར་ དགག་བཤེར་དང་ ཚད་མཉམ་ཡོདཔ་ བཟོ་ནི་གི་ ཐབས་ལམ་སྒྲིག་དགོཔ་དེ་ གལ་ཆེ་ཟེར་ ཁྲིམས་ཀྱི་མཁས་མཆོག་ཅིག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་དང་ ཀྲོང་གསར་གྱི་ ས་ཆའི་རྩོད་གཞི་༢ ནང་ ཉེས་བཤེར་གྱི་ འགན་ཁུར་འབག་མི་བཟུམ་དང་ དྲང་ཁྲིམས་ལྷན་སྡེ་གིས་ཡང་ རྒྱལ་ཡོངས་ཀྱི་ མཐའ་དོན་ཚུ་ལ་བལྟ་སྟེ་ ལྷན་ཚོགས་ཀྱི་ མཐོ་གཏུགས་ཚུ་ལུ་ ངོས་ལེན་མཛད་མི་དེ་གིས་ དགག་བཤེར་དང་ ཚད་མཉམ་ཚུལ་ལྡན་ཡོདཔ་ བཟོ་ནི་དང་ ཉེས་བཤེར་ལམ་ལུགས་ནང་ འགན་འཁྲི་དང་ དྭངས་གསལ་ དེ་ལས་ མི་མང་གི་ བློ་གཏད་ཡོདཔ་བཟོ་བའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
དེ་འབདཝ་ད་ རྩ་ཁྲིམས་ཆེན་མོའི་ནང་ ལྷན་ཚོགས་ཀྱི་ ཞིབ་བཤེར་ལུ་ གཞི་བཞག་སྟེ་ ངོ་རྐྱང་ ཡང་ན་ རྩ་ཕན་ ལས་ཚོགས་ཀྱི་ ཉེས་བཤེར་ཚུ་ ཁྲིམས་འདུན་གྱིས་ རྩོད་བཤེར་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གང་མགྱོགས་འགན་ལེན་འབད་དགོ་ཟེར་ བཀོད་དེ་ཡོདཔ་ད་ ཁྲིམས་རྩོདཔ་ཅིག་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ནང་ གཙུག་སྡེ་༢ ཀྱི་འགན་ཁུར་ཚུ་ ཁ་གསལ་སྦེ་ བཀོད་ཡོད་མི་དེ་ཡང་ ཉེས་བཤེར་འབད་ནི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་དང་འབྲེལ་བའི་ ཞིབ་དཔྱད་འབད་ནིའི་དབང་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བྱིན་ཏེ་འདུག་ཟེར་ཨིན་པས།
ཨིན་རུང་ ཁྲིམས་འདུན་ཚུ་ནང་ རྒྱབ་མི་སྦེ་བཅར་མི་ ཁྲིམས་རྩོདཔ་དེ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༢༨(༣) པ་གིས་ གནོད་འགེལ་ཅིག་གི་ ཉེས་འཛུགས་བཀོད་པའི་ མི་ངོ་ལུ་ ཉེས་བཤེར་བཙུགས་ནི་ ཡང་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཉེས་བཤེར་གྱི་ བྱ་རིམ་ཚུ་ ལོག་ལེན་ཆོགཔ་དེ་ཡང་ རྩོད་གཞི་དེ་ རྒྱུ་མཚན་ཁུངས་དག་མེད་པར་ ཡུན་འགྱངས་འབད་བཞག་པ་ ཡང་ན་ གཡོ་བཅོས་འབད་བ་ དེ་ལས་ བར་དཀྲོགས་སྒོ་ལས་ བར་བགེགས་རྐྱབ་པ་ཅིན་ ཉེས་བཤེར་གྱི་ བྱ་རིམ་ལོག་ལེན་ཆོག་ཟེར་ཨིན་པས།
ཉེས་བཤེར་གྱི་དོན་ལུ་ མཐོ་གཏུགས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ ཁྲིམས་འདུན་ཚུ་ལུ་ གོང་གསལ་གནད་དོན་གང་རུང་ཅིག་ནང་ ཡིད་ཆེས་འདྲོངས་ཚུགས་པའི་ ཁུངས་བཀལ་ན་མ་གཏོགས་ དེ་མིན་ ཉེས་བཤེར་འབད་མི་ཆོག་ཟེར་ ཁྲིམས་རྩོདཔ་གིས་ བཤདཔ་ཨིན་པས།
དོན་ཚན་གསུམ་གྱི་གྲངས་སུ་ མ་ཚུད་པའི་ གནད་དོན་ཚུ་གི་ཐོག་ལས་ ཉེས་བཤེར་འབད་ནི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་མ་འཁྲིལ་བའི་ བྱ་སྤྱོད་གྲངས་སུ་ ཚུད་འོང་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱི་ འགན་ཁུར་དེ་ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་དང་ འཇོམས་ཐབས་ལུ་མཁོ་བའི་ ཐབས་ལམ་ཚུ་ དང་ལེན་འབད་ནི་དེ་ རྩ་ཁྲིམས་ཆེན་མོ་དང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དགོངས་དོན་ཚུ་དང་འཁྲིལ་ཨིནམ་ ལེགས་ཤོམ་སྦེ་ར་ཤེས་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་མི་འབད་ནི་སྦེ་ ཐག་བཅདཔ་ད་ བསམ་པ་མ་རྫོགས་པ་ཅིན་ ལྷན་ཚོགས་ཀྱིས་ ཆེ་མཐོའི་ཁྲིམས་འདུན་ཚུ་ལུ་ མཐོ་གཏུགས་ཞུ་ནི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་བ་ཨིནམ་ མི་མཇལ་བས་ཟེར་ འགོ་དཔོན་ཅིག་གིས་ བཤད་མི་དེ་ཡང་ མཐོ་གཏུགས་འབདཝ་ད་ ངོས་ལེན་འབད་མི་འབད་ དྲང་ཁྲིམས་ལྷན་སྡེ་ལུ་ དབང་ཚད་ཡོད་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་འགན་འཁྲི།
རྩ་ཁྲིམས་ཆེན་མོ་གིས་ རྩོད་དཔོན་ཡོངས་ཁྱབ་ལུ་ རྩོད་གཞི་གང་རུང་ཅིག་གི་བཤེར་གཏུགས་ ཡང་ན་ འགོ་བཙུགས་ནི་ ཕྱིར་བཏོན་ཚུ་ ཁྲིམས་དང་འཁྲིལ་ཏེ་འབད་ནིའི་ དབང་ཚད་གནང་སྟེ་འདུག།
དེ་འབདཝ་ད་ རྩོད་གཞི་ཅིག་ནང་ འདི་བཟུམ་མའི་ དབང་ཚད་སྤྱོདཔ་ད་ གཞུང་གི་ཁྲིམས་དོན་གྲོས་དཔོན་དང་ ཁྲིམས་དོན་གྱི་ སྐུ་ཚབ་ཨིན་མི་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཁྲིམས་ཀྱི་དགོངས་དོན་ཚུ་དང་ དྲང་བདེན་གྱི་རྣམ་གཞག་ དེ་ལས་ སྒྲུབ་བྱེད་ཚུ་ལུ་ གཙོ་བོར་བཏོན་ཏེ་འབད་དགོ་ཟེར་ཨིན་པས།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་དེ་ གཞུང་དང་མི་སེར་གྱི་ མཐའ་དོན་ལུ་ རྩོད་བཤེར་འབད་མི་ ལས་སྡེ་གཙོ་བོ་ཅིག་ཨིན་རུང་ ཡིག་ཚང་དེ་གིས་ ཞིབ་བཤེར་རམ་ ཞིབ་དཔྱད་འབད་ནིའི་ འགན་ཁུར་ཡང་ འབགཔ་མས་ཟེར་ ལ་ལོ་གིས་ སྐྱོན་བརྗོད་འབདཝ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཡང་ ཞིབ་དཔྱད་འབད་ནི་ འགོ་བཙུགས་པ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དགོཔ་མིན་འདུག་ཟེར་ ལྟ་རྟོག་པ་ཅིག་གིས་ བཤདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་བཤེར་གྱི་དོན་ལུ་བཏང་མི་ རྩོད་དོན་ལེ་ཤ་ཅིག་ར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་ཐོག་ ཉེས་འཛུགས་འབད་ནི་ལས་ བཤོལ་བཞག་མི་དེ་ཡང་ ཀྲོང་གསར་ལུ་ ས་ཆ་ཚུལ་མིན་ཐོག་ ཁྲམ་སྤོ་སོར་དང་ གཞུང་ཚ་ཧམ་འཛུལ་ཐོག་ ཉོ་བཙོང་འཐབ་མིའི་ནང་ ནང་གསུག་སྤྲོད་ལེན་གྱི་ ཁ་ཉེས་ཕོག་མི་ ས་ཁྲམ་དང་ ས་འཇལ་མདོ་ཆེན་ལས་རོགས་བགྲེསཔ་གི་ རྩོད་དོན་ལ་སོགས་པ་ཚུ་ ཁོང་ར་གིས་ ཞིབ་དཔྱད་རྐྱབ་པའི་ཤུལ་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ ལྷན་ཚོགས་ལུ་ ལོག་བཏང་ཡོདཔ་ཨིན་པས།
ཁྲིམས་རྩོདཔ་ཅིག་གིས་ སླབ་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དེ་ རྒྱལ་ཁམས་ཀྱི་ ཉེས་བཤེར་འབད་མི་ཨིནམ་ལས་ ཞིབ་དཔྱད་འབད་ནིའི་ ཁྱབ་དབང་མེདཔ་ལས་ ཞིབ་དཔྱད་འབད་མིའི་ འགན་འཁྲི་ནང་ ཧམ་འཛུལ་འབད་དོ་བཟུམ་ མཐོངམ་མས་ཟེར་ཨིན་པས།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཡིག་ཚང་གི་ བཅའ་ཁྲིམས་དང་འཁྲིལཝ་ད་ ཁོང་ལུ་ ཞིབ་དཔྱད་འབད་ནིའི་ དབང་ཚད་ཡོད་ཟེར་ཨིནམ་ད་ དེ་ཡང་ གལ་སྲིད་ ཁྲིམས་འདུན་ལུ་ རྩོད་གཞི་གི་ བྱ་རིམ་ཚུ་འབད་ཡོད་པའི་སྐབས་ རྩོད་གཞིའི་ མཐའ་དོན་ལུ་ གནས་ཚུལ་དང་ སྒྲུབ་བྱེད་ཁ་སྐོང་དགོ་པའི་སྐོར་ ཡིག་ཚང་ལུ་ དགོས་མཁོ་ཡོད་པ་ཅིན་ ཡིག་ཚང་དེ་གིས་ ཞིབ་དཔྱད་ལས་སྡེ་གི་ གྲོགས་རམ་ཐོག་ ཡང་ན་ རང་གི་ཞེད་དོན་ལྟར་ དེ་བཟུམ་མའི་ གནས་ཚུལ་དང་ སྒྲུབ་བྱེད་ཚུ་ འཐོབ་ནི་ལུ་ བརྩོན་ཤུགས་བསྐྱེད་ཆོག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *