གཙང་ཆུའི་གྲུ་གཏང་མི་ཚུ་གིས་ ཉེན་སྲུང་གི་དོན་ལུ་ ལམ་སྟོན་བསྟར་སྤྱོད་འབད་དགོཔ།

༉ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ གྲུ་ལག་ལེན་དང་ ཚོང་འབྲེལ་གྱི་ ལྟ་རྟོག་ལམ་སྟོན་༢༠༡༩ ཅན་མ་ ཆ་འཇོག་ཐོག་ དུས་ཅི་ སྤྱི་ཟླ་༦ པ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།
ད་ལྟོ་ཡོད་མི་ ལམ་སྟོན་དང་ བཅའ་ཡིག་ བཀའ་རྒྱ་ཚུ་ ནུས་མེད་འགྱོཝ་ལས་ གྲུ་ལག་ལེན་དང་ ཚོང་འབྲེལ་གྱི་ ལྟ་རྟོག་ལམ་སྟོན་༢༠༡༩ ཅན་མ་དེ་ ངོས་ལེན་འབད་དགོཔ་ཨིན་རུང་ གྲུ་གཏང་ནིའི་ཐད་ལུ་ ལམ་སྟོན་༢༠༡༥ ཅན་མ་དང་འཁྲིལ་དགོཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཁྱབ་བསྒྲགས་བཏང་མི་དང་འཁྲིལཝ་ད་ ལམ་སྟོན་དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ གྲུ་གོང་འཕེལ་གཏང་ནི་གི་ གཙང་ཆུ་བརྟག་ཞིབ་དང་ གྲུའི་བཅའ་ཡིག་དང་ སྒྲིག་གཞི་མ་བཟོ་ཚུན་ གྲུ་ལག་ལེན་ཚུ་ ལྟ་རྟོག་ཚུལ་མཐུན་འབད་ནི་ལུ་ ལྷན་ཐབས་འབྱུང་ནིའི་དོན་ལས་ གནས་སྐབས་ཀྱི་ ཐབས་ཤེས་ཅིག་ཨིན་པས།
ལམ་སྟོན་དེ་གིས་ གྲུ་ལག་ལེན་དང་ ཚོང་འབྲེལ་ཞབས་ཏོག་བྱིན་ནིའི་དོན་ལུ་ ཐོ་བཀོད་དང་ ཉེན་སྲུང་ཅན་སྦེ་ གྲུ་གཏང་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
ལམ་སྟོན་དང་འཁྲིལཝ་ད་ གྲུ་ལག་ལེན་འཐབ་མི་ཚུ་གི་ ཉེན་སྲུང་ལུ་ གྲུ་གཏང་ནིའི་ དུས་ཚོད་དང་ གླ་འཐུས་ཀྱི་གོང་ཚད་ སྐྱེལ་འདྲེན་ འབད་མ་ཆོག་པའི་ལས་སྣ་ དེ་ལས་ ལྟ་རྟོག་གི་ ལམ་སྟོན་ཚུ་ འབད་ནི་ཨིན་པས།
གྲུ་གཏང་ནིའི་ཐད་ལུ་ གནམ་བྱཱར་སྐབས་ སྤྱི་ཟླ་༤ པའི་ཚེས་༡ ལས་ སྤྱི་ཟླ་༡༠ པའི་ཚེས་༣༡ ཚུན་ དྲོ་པ་ཆུ་ཚོད་༦ དང་ ཕྱི་རུའི་ཆུ་ཚོད་༥ དེ་ལས་ གནམ་དགུན་སྐབས་ སྤྱི་ཟླ་༡༡ པའི་ཚེས་༡ ལས་ སྤྱི་ཟླ་༣ པའི་ཚེས་༣༡ ཚུན་ དྲོ་པ་ཆུ་ཚོད་༧ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ ལག་ལེན་འཐབ་ཆོག་ཟེར་ ལམ་སྟོན་ནང་བཀོད་ནུག།
གྲུ་ལག་ལེན་གྱི་ གླ་འཐུས་ཡང་ པཱན་གྲུ་ཤོ་ཐེངས་རེ་ལུ་ ཉུང་ཤོས་ར་ དངུལ་ཀྲམ་༡༠,༠༠༠ རེ་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ ཡར་སེང་འབད་ནི་ཨིན་པས།
གལ་སྲིད་ ལམ་སྟོན་དང་མ་འཁྲིལ་བ་ཅིན་ ཉེས་བྱ་བཀལ་ནི་ཨིནམ་ད་ པཱན་གྲུའི་སྐྱེལ་འདྲེན་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་དང་ བཅའ་ཁྲིམས་གཞན་ཚུ་དང་འཁྲིལ་ཏེ་འབད་དགོཔ་ཨིན་པས།
པཱན་གྲུ་ལྟ་རྟོག་དང་ དགོས་མཁོ་ཅན་གྱི་ ཉེན་སྲུང་ཚུ་ ལམ་སྟོན་དང་ མ་གནས་པར་ འབད་མི་ཚུ་ ནགས་ཚལ་འགོ་ཡིག་ཚང་གིས་ འགན་འཁྲི་འབག་དགོཔ་མ་ཚད་ ལམ་སྟོན་བསྟར་སྤྱོད་འབད་དགོཔ་ འཐོན་པ་ཅིན་ རྫོང་ཁག་བདག་སྐྱོང་དང་ ཁྲིམས་སྲུང་འགག་སྡེ་ལས་ རྒྱབ་སྐྱོར་ལེན་དགོཔ་ཨིན་པས།
འབྲེལ་ཡོད་རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ལས་ ཁྲིམས་སྲུང་འགག་སྡེ་དང་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་འགོ་དཔོན་ ལུང་ཕྱོགས་ཚོགས་དང་ བཟོ་གྲྭ་ཡིག་ཚང་ དེ་ལས་ འབྲེ་ཡོད་ལས་སྡེའི་ འགོ་དཔོན་ཚུ་ མཉམ་འབྲེལ་ཐོག་ལས་ ཟླ་རིམ་ ཡང་ཅིན་ དགོས་མཁོ་དང་འཁྲིལ་ཏེ་ ལྟ་རྟོག་འབད་འོང་ཟེར་ ལམ་སྟོན་ནང་བཀོད་ནུག།
ད་རུང་ པཱན་གྲུ་གཏང་པའི་སྐབས་ ཕྱགས་སྙིགས་བཀོག་ནི་དང་ ཉ་བཟུང་ནི་ རི་དྭགས་སེམས་ཅན་དང་ ཁོ་རའི་ སྡོད་གནས་མེདཔ་གཏང་ནི་ལ་སོགས་པ་ཚུ་ འབད་མི་ཆོག་ནི་ཨིནམ་ད་ ཕིཊ་༡༤ ཡན་ཆད་འབད་མི་ པཱན་གྲུ་ཚུ་གིས་ འགྲུལ་པ་མཐོ་ཤོས་ར་༦ ལས་བརྒལ་ འབག་མི་ཆོག་ནི་ཨིན་པས།
ཉེན་སྲུང་ལྡན་པའི་ གྲུ་གི་ལམ་སྟོན་པ་ལུ་ རྒྱལ་སྤྱི་ ཡང་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ ངོ་སྦྱོར་གཙུག་སྡེ་ལས་ སྦྱོང་བརྡར་འབད་བའི་ཁར་ ཉེན་སྲུང་ཅན་གྱི་ གྲུ་ལམ་སྟོན་གྱི་ ལག་ཁྱེར་ཚུ་ འཆང་དགོཔ་ཨིན་པས།
གལ་སྲིད་ གྲུ་ལག་ལེན་དང་ ཚོང་འབྲེལ་ནང་ ཐུག་རྐྱེན་བྱུང་སྟེ་ མི་ལུ་ ཤི་རྐྱེན་རེ་ བྱུང་པ་ཅིན་ དེ་འཕྲོ་ལས་ གྲུ་གཏང་མི་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་དང་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
ལམ་སྟོན་དེ་ཡང་ འབྲེལ་ཡོད་ལས་སྡེ་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ རང་བཞིན་ཉམས་སྲུང་སྡེ་ཚན་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ སྤ་རོ་དང་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་་གི་འགོ་དཔོན་ཚུ་གིས་ བཟོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *