གནས་སྟངས་འཚུབས་ཅན་མ་འགྱོ་བའི་ཧེ་མར་ སྤྱི་རུབ་གདོང་ལེན་འབད་དགོཔ།

༉ ཀོ་བིཌ་-༡༩ འི་ ནད་འབུབ་ཀྱི་ཁྱད་རྣམ་ གྱུར་འགྱོ་མི་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ ཡུདཔ་ཐེངས་ཅིག་ནང་ར་ ཁྱབ་སྤེལ་མགྱོགས་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ང་བཅས་ལུ་ ནད་འབུབ་དེ་གི་སྐོར་ལས་ ཁ་གསལ་སྦེ་ ཤེས་རྟོགས་འབྱུང་ཚུགས་མི་ མཁས་མཆོག་ཅིག་མེད་མི་ལུ་བརྟེན་ རྒྱབ་ཁར་ལུས་ཏེ་ཡོད།

ནད་འབུབ་དེ་གིས་ ལུང་ཕྱོགས་དང་ རྒྱལ་ཁབ་གཞན་ཁར་ བསམ་བརྗོད་ལས་འདས་པའི་ ཚེ་སྲོག་ལུ་ བར་རྐྱེན་བྱུང་ཡོད་པའི་གནས་སྟངས་ནང་ ང་བཅས་ ཀྱིས་ གདོང་ལེན་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་ནི་དེ་ ག་ནི་བ་ཁག་ཆེ།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ འགོ་ཐོག་ལུ་ ནད་འབུབ་དེ་གི་ཁྱབ་སྤེལ་དང་ ཤི་རྐྱེན་ཚུ་གི་སྐོར་ལས་ སླབ་དོ་བཟུམ་འབད་བ་ཅིན་ ཀོ་བིཌ་-༡༩ འི་ ནད་འབུབ་དེ་ ནད་ཡམས་ཐོབ་མི་ཚུ་གི་ ཁ་དང་ལྷ་པ་ནང་ལས་ ཐིགས་པ་འཛགས་ཏེ་ སྤེལ་འགྱོ་དོ་ཡོདཔ་སྦེ་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ ནད་འབུབ་དེ་ རླུང་མ་ནང་ལས་ སྤེལ་དོ་ཡོད་མི་དེ་ཡང་ ནད་འབུབ་དེ་གིས་ ཁྱིམ་གྱི་ནང་ན་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རླུང་མ་ནང་ ལྡིངས་སྡོད་དོ་ཡོདཔ་ལས་ ཁྱིམ་ནང་སྡོད་མི་ཚུ་ བུང་ལེནམ་ད་ སྤེལ་འགྱོ་དོ་ཡོདཔ་ཨིན་མས།

འདི་བཟུམ་མའི་ གནས་སྟངས་གྱུར་འགྱོ་མི་དེ་ལུ་ ང་བཅས་ར་ རྣམ་རྟོག་ལང་སྡོད་ནི་མེན་པར་ གདོང་ལེན་འབད་ནི་ལུ་ དྲན་ཤེས་བཏོན་དགོཔ་ཨིན།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཁྱིམ་ནང་འབད་རུང་ ག་ཏེ་འགྱོ་རུང་ ཁ་རས་སྤུབས་སྡོད་དགོ་པའི་ཁར་ དུས་དང་དུས་སུ་ གླང་ལེབ་བཏབ་སྟེ་ ལགཔ་ཆུ་འཁྱུ་ནི་དང་ རང་དང་གཞན་གྱི་བར་ན་ ངེས་པར་དུ་ ས་སྟོང་བཞག་དགོཔ་ཨིན།

འདི་དང་འདྲཝ་སྦེ་ འབྲེལ་འཐབ་རྗེས་ཤུལ་འཚོལ་ནིའི་མཐུན་རྐྱེན་ ཀཱོན་ཊེག་ ཊེ་རེ་སིང་དང་ ཟུར་བཞག་ལམ་ལུགས་ཀྱི་ སྒྲིག་གཞི་ཚུ་ སྒྲིང་སྒྲི་སྦེ་ ལག་ལེན་འཐབ་སྟེ་ རྩ་བརྟན་བཟོ་བ་ཅིན་ ནད་ཡམས་ལས་ ཉེན་སྲུང་འབད་ཚུགས་ནི་ཨིན་མས།

འདི་འབདཝ་ད་ ང་བཅས་རའི་ སྡོད་ཐངས་ལུ་ལྟཝ་ད་ ག་རང་འབད་རུང་ ནད་ཡམས་དུག་ཅན་དེ་ལུ་ ཚ་གྱང་མེདཔ་བཟུམ་སྦེ་ སྣང་མེད་ཐོག་ལུ་ སེམས་བག་ཡེངས་ཤོར་ཏེ་ སྡོད་མི་ལུ་བརྟེན་ ཉེན་ཁ་སྦོམ་སྦེ་ར་འདུག།

ནད་ཡམས་ཁྱབ་སྤེལ་འགྱོ་སའི་ ས་ཁོངས་ངོ་མ་ཅིག་ སྤྲོ་སྟོན་ས་ཁོངས་དང་ མཐུན་རྐྱེན་ཅན་གྱི་ སྤུངས་འཛོམས་འབད་ནི་ཚུ་ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ག་ཏེ་འབད་རུང་ ཐ་ན་ འགོ་འདྲེན་འཐབ་ཆོག་པའི་ དམིགས་བསལ་གྱི་ གནང་བ་ཚུ་ཡོད་དེ་འབད་རུང་ བཀད་དམ་སྒྲིང་སྒྲི་འབད་དགོཔ་འདུག།

ང་བཅས་ལུ་ ཀོ་བིཌ་-༡༩ དང་འབྲེལ་བའི་ དཀའ་ངལ་དང་ བྱ་སྟབས་མ་བདེཝ་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཚོགས་ཆུང་དང་ འགོ་དཔོན་ཚུ་ མང་རབས་ཅིག་ཡོདཔ་ལས་ ཁོང་གིས་འབད་རུང་ དབང་ཚད་དང་བསྟུན་ སྔོན་འགོག་ཐབས་ལམ་ཚུ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་དགོཔ་འདུག།

ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ཁྱབ་སྤེལ་སོང་མི་ ནད་འབུབ་ཁྱད་རྣམ་གསརཔ་དེ་ གདོང་ལེན་འབད་ནི་ལུ་ ལཱ་ཁག་ཡོད་མི་དང་བསྟུན་ ང་བཅས་རའི་ རྒྱལ་ཁབ་ནང་འབད་རུང་ ཨ་རྟག་ར་ ནད་ཡམས་ཐོབ་མི་ མ་ཆད་པར་ཐོན་དོ་ཡོདཔ་ལས་ ངོས་ལེན་ཐབས་ཤེས་ཚུ་ གང་མགྱོགས་མ་བཏོན་པ་ཅིན་ གནས་སྟངས་འཚུབས་དྲགས་འགྱོཝ་ད་ ཚད་འཛིན་འབད་མི་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *