གནས་སྐོརཔ་ཚུ་གི་ ཉེན་སྲུང་ཐབས་ལམ།

༉ གནམ་དགུན་གྱི་ དུས་ཚོད་འགོ་བཙུགས་མི་དང་བསྟུན་ ང་བཅས་ཀྱི་མི་ཚུ་ གནས་སྐོར་ལུ་འགྱོ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ གནས་སྐོརཔ་ཚུ་ མང་ཤོས་ར་ ནེ་པཱལ་དང་ རྒྱ་གར་རྒྱལ་ཁབ་ནང་ཡོད་པའི་ ནང་པའི་གནས་རྩ་ཅན་ཚུ་ནང་ འགྱོ་མི་དེ་ཡང་ རང་སོའི་ཚོགས་བསག་ནི་དང་ ལས་སྒྲིབ་དག་ཐབས་ལུ་ཨིན་མས།
གནས་སྐོར་འགྱོ་མི་ཚུ་ཡང་ མང་ཤོས་ར་ ཕམ་རྒན་རྒས་དང་ བཟའ་ཚང་ཚུ་ འགྱོ་དོ་ཡོདཔ་ཨིན་རུང་ རོགས་ཀྱི་རྒྱལ་ཁབ་ཚུ་ནང་ གནས་སྐོར་ལུ་འགྱོཝ་ད་ གནོད་ཉེན་ཡང་ཡོདཔ་ཨིན།
ག་འཆརཔ་ཟེར་བ་ཅིན་ འདས་པའི་ལོ་ངོ་དག་པ་ཅིག་གི་ཧེ་མར་ འབྲུག་མི་གནས་སྐོར་ལུ་འགྱོ་མི་ ལེ་ཤ་ཅིག་གི་ ཚེ་སྲོག་ལུ་ བར་ཆད་བྱུང་ཡོདཔ་མ་ཚད་ ལམ་བདའ་སྟེ་ དཀའ་སྡུག་དང་ གནོད་འཚེ་ལ་སོགས་པའི་ དཀའ་ངལ་བྱུང་ཡོདཔ་བཞིན་དུ་ ལ་ལོ་ཅིག་ མི་ངན་ཚུ་གིས་ འཕྲོག་བཅོམ་འབད་ཡོད་པའི་ ལོ་རྒྱུས་གོ་ཡི།
གནས་སྐོརཔ་ལ་ལོ་ཅིག་ ལས་སྡེ་ཚུ་གིས་སྦེ་ ཁྱིད་འགྱོ་དོ་ཡོདཔ་ལས་ སྲུང་སྐྱོབ་དང་འབྲེལ་བའི་ ཚ་གྱང་དང་ ཉེན་ཁ་ཆུངམ་ཨིན་རུང་ ལ་ལོ་ཅིག་གིས་ འཐུས་ལེན་འབག་པའི་ཤུལ་ལས་ འགྲུལ་སྐྱེལ་ཞབས་ཏོག་དང་ བཟའ་ཉལ་ཁང་ཚུ་ ལེགས་ཤོམ་སྦེ་ མཁོ་སྤྲོད་མ་འབད་བའི་ ཉོགས་བཤད་བཀོད་མི་ཡང་ཐོན་ཡི།
དེ་གིས་མ་དོ་བར་ འབྲུག་གི་གནས་སྐོརཔ་ཚུ་ རྒྱ་གར་གྱི་ གནས་མཆོག་རྡོ་རྗེ་གདན་དང་ བྱ་རྒོད་ཕུང་པོའི་རི་ ཝ་ར་ཎ་སི་ མཚོ་པདྨ་ལ་སོགས་པའི་ གནས་ཅན་ཚུ་ནང་ རྒྱ་གར་གྱི་ འགྲུལ་སྐྱེལ་བཱསི་ཚུ་ནང་ འགྲོ་འགྲུལ་འབད་བའི་སྐབས་ སྐྱེལ་འདྲེན་གླ་ཆ་མངམ་ལེན་དོ་ཡོད་པའི་ དཀའ་ངལ་ཚུ་ཡང་བྱུང་པའི་ ལོ་རྒྱུས་ཡོད།
ཨིན་རུང་ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ སྐྱེལ་འདྲེན་ཞབས་ཏོག་བྱིན་མི་ཚུ་གིས་ རང་དབང་ཐོག་ལས་ འགྲུལ་སྐྱེལ་བཱསི་ཚུ་ གླ་ཁར་ལེན་ཐོག་ལས་ ང་བཅས་ཀྱི་ གནས་སྐོརཔ་ཚུ་ སྐྱེལ་འདྲེན་འབད་ནི་གི་ ཐབས་ལམ་བཏོན་མི་དེ་ཡང་ སྟབས་བདེ་ཏོག་ཏོ་བཟོ་ཐབས་ལུ་ཨིན་མས།
འདས་པའི་རིང་ལུ་ འབྲུག་གི་སྐྱེལ་འདྲེན་ཞབས་ཏོག་ལས་སྡེ་ཚུ་གིས་ རྒྱ་གར་གྱི་ གནས་རྩ་ཅན་ཚུ་ནང་ གནས་སྐོར་འགྱོ་མི་ཚུ་གི་དོན་ལུ་ འགྲུལ་སྐྱེལ་བཱསི་ཚུ་ རྒྱ་གར་གྱི་ མི་ཚུ་གིས་སྦེ་ གླ་ཁར་ལེན་ཞིནམ་ལས་ སྐྱེལ་འདྲེན་འབད་བཅུགཔ་ཨིན་རུང་ བར་ན་ལཱ་འབད་མི་ཚུ་ལུ་ ཁེ་འཐུས་སྤྲོད་དགོ་མི་ལུ་བརྟེན་ གནས་སྐོར་འགྱོ་མི་དང་ ཞབས་ཏོག་བྱིན་མི་༢ ཆ་ར་ལུ་ བར་ཆད་རྐྱབ་པའི་ ཉམས་མྱོང་ཐོབ་ནི་དེ་གིས་ཨིན་མས།
འདི་འབདཝ་ལས་ འཕྲལ་ཁམས་ཅིག་གར་ གཞུང་གིས་ གནས་སྐོར་དང་འབྲེལ་བའི་ སྒྲིག་གཞི་༢༠༡༧ ཅན་མ་ གསར་བཏོན་གནང་མི་དེ་ དུས་ཐོག་ལུ་ཨིནམ་ད་ དེ་གིས་ འབྲེལ་ཡོད་ལས་སྡེ་ དཔེར་ན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ འབྲུག་གི་ཁྲིམས་སྲུང་འགག་སྡེ་ ཕྱི་འཕྲེལ་ལྷན་ཁག་ཚུ་ལུ་ ཀུན་སྤྱོད་རྣམ་གཞག་དང་ འགན་ཁུར་ཚུ་ བཀལ་ཡོདཔ་ལས་ གནས་སྐོརཔ་དང་ གནས་སྐོར་ལུ་ཁྱིད་མི་གཉིས་ཆ་རའི་ ཐོབ་དབང་ཚུ་ ཉེན་སྐྱོབ་འབད་ཚུགས་ནི་ཨིན་མས།
སྒྲིག་གཞི་དང་འཁྲིལཝ་ད་ གནས་སྐོར་ལུ་ཁྱིད་མི་ ལས་སྡེ་ཅིག་གིས་ གནས་སྐོརཔ་ལུ་ ལམ་འགྲུལ་གྱི་ ཉེན་བཅོལ་ལས་འཆར་ བྱིན་མ་ཚུགས་པ་ཅིན་ གནས་སྐོརཔ་རེ་ལུ་ ཉེས་བྱ་དངུལ་ཀྲམ་༥,༠༠༠ རེ་ བཀལ་ནི་ཨིནམ་མ་ཚད་ གནས་སྐོར་གྱི་ ལས་འཆར་ནང་ གནས་སྐོར་པའི་ གདམ་ཁ་དང་འཁྲིལ་ ཞབས་ཏོག་བྱིན་མ་ཚུགས་མི་ལུ་ཡང་ ཉེས་བྱ་དངུལ་ཀྲམ་༥,༠༠༠ རེ་ བཀལ་ནི་ཨིན་མས།
དེ་བཟུམ་མའི་ སྒྲིག་གཞི་བཟོ་མི་དེ་ དམིགས་གཏད་ལེགས་ཤོམ་ཨིན་རུང་ འཕྲལ་འཕྲལ་ར་ ཕན་ནུས་མེདཔ་ འགྱོ་ནི་ཡོདཔ་ད་ གནས་སྐོར་དང་འབྲེལ་བའི་ ཞབས་ཏོག་བྱིན་མི་ ལས་སྡེ་མང་རབས་ཅིག་གིས་ འབྲེལ་གཏོགས་འབད་བའི་སྐབས་ བསྟར་སྤྱོད་ནང་ འཐུས་ཤོར་བྱུང་དོ་ཡོད་མི་དེ་ཡང་ དབང་འཛིན་གྱིས་ ཆོག་ཐམ་སྤྲོད་ཚར་བའི་ཤུལ་ལུ་ སྒྲིག་གཞི་དང་འཁྲིལ་ ལྟ་རྟོག་འབད་མི་མེད་མི་ལུ་བརྟེན་ཨིན་མས།
སྒྲིག་གཞི་དང་ ཁྲིམས་ཡིག་ཚུ་ནང་ ག་དེ་སྦེ་ར་ འཁོད་དེ་ཡོད་རུང་ གནས་སྐོར་ལུ་ འགྱོ་མི་ཚུ་གིས་ གཙོ་མི་གཙོ་རང་གཙོ་ཟེར་ སླབ་སྲོལ་ཡོདཔ་བཟུམ་ ཕྱིའི་རྒྱལ་ཁབ་ཚུ་ནང་ གནས་སྐོར་ལུ་འགྱོཝ་ད་ དྲནམ་ཐེབས་བཏོན་ནི་དེ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *