གནས་སོར་འགྱོ་མ་བཏུབ་མི་ བཟོ་རིག་འགོ་དཔོན་ཅིག་ དགོངས་ཞུ་བཏང་ཡོདཔ།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གནས་སོར་གྱི་ བཀའ་རྒྱ་ལུ་ མ་གནས་མི་ལུ་བརྟེན་ སྤ་རོ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་དེ་ ངེས་པར་དགོངས་ཞུ་ བཏང་ཡོད་མི་དེ་ དང་པ་ཨིན་པས།

བཟོ་རིག་འགོ་དཔོན་དེ་ ན་ཧིང་ སྤྱི་ཟླ་༧ པའི་ནང་ མོང་སྒར་རྫོང་ཁག་ནང་ གནས་སོར་བཏང་ཡོད་རུང་ གནས་སོར་དང་ གནས་གྲོལ་བཀའ་རྒྱ་ལུ་ གནས་མ་བཏུབ་པའི་ཁར་ ལཱ་ག་ནི་ཡང་ མ་འབད་བར་ སྤ་རོ་རྫོང་ཁག་ལས་ ཟླ་༥ དང་ཉིནམ་༡༥ གི་ དངུལ་ཕོགས་ལེན་ཏེ་ སྡོད་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༥ ལུ་ དགོངས་ཞུ་གཏང་ནི་སྦེ་ ཐག་བཅད་ཡོདཔ་ད་ བཟོ་རིག་འགོ་དཔོན་དེ་ ལྟ་བཀོདཔ་གནས་རིམ་ནང་ སྡོད་ཡོདཔ་ད་ གནད་དོན་དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢ ལུ་ བཟོ་རིག་འགོ་དཔོན་གྱིས་ ལྷན་ཚོགས་ལུ་ མོང་སྒར་ལུ་མེན་པར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ གནས་སོར་གཏང་གནང་ཟེར་ ཞུ་བ་འབད་བའི་ཤུལ་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

གཞི་འཛིན་ལས་སྡེ་ ཞབས་ཏོག་ལྷན་ཁག་གིས་ བཟོ་རིག་འགོ་དཔོན་དེ་ སྤྱི་ལོ་༢༠༡༩ ལུ་ གནས་སོར་བཏང་ཡོད་པའི་ཁར་ ན་ཧིང་ སྤྱི་ཟླ་༡༡ པ་ལས་ འགོ་བཙུགས་ཏེ་ ཚར་༣ དེ་ཅིག་ དྲན་གསོ་འབད་ཡོདཔ་ཨིན་པས།

བཟོ་རིག་འགོ་དཔོན་གྱིས་ ལཱ་མ་འབད་བའི་ དངུལ་ཕོགས་ལེན་མི་ཚུ་ཡང་ ལོག་བཙུགས་ནུག།

སྤ་རོ་རྫོང་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བཟོ་རིག་འགོ་དཔོན་དེ་ ན་ཧིང་ སྤྱི་ཟླ་༧ པ་ལས་ གནས་སོར་བཏང་པའི་ཁར་ གནས་གྲོལ་བཀའ་རྒྱ་ཡང་བཏོན་ཏེ་འདྲ་ཅིག་ མོང་སྒར་རྫོང་ཁང་ལུ་ཡང་ བཏང་ཡོད་རུང་ བཟོ་འགོ་དཔོན་གྱིས་ གནས་སོར་ཆ་མེད་བཏང་སྟེ་ ཉེ་འདབས་ལས་ཕར་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

དེ་གི་ཤུལ་ལས་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་འབད་མི་ལུ་བརྟེན་ དུས་མཐུན་འབད་མ་ཚུགས་རུང་ བཟོ་རིག་འགོ་དཔོན་གྱིས་ མོང་སྒར་ལུ་ འགྱོ་འགྱོ་འོང་ཟེར་ རེ་བ་བསྐྱེད་སྡོད་ཅི་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པས།

རྫོང་ཁག་འགོ་དཔོན་གྱིས་ བདག་སྐྱོང་གི་ འཐུས་ཤོར་བྱུང་མི་ལུ་ ངོས་ལེན་འབད་མི་དེ་ཡང་ འགོ་དཔོན་མང་ཤོས་ཅིག་ ཀོ་བིཌ་-༡༩ དང་འབྲེལ་བའི་ ལཱ་ཚུ་དང་ འབྲེལ་འཛིན་སྦེ་ སྡོད་ཡོདཔ་ལས་ གནས་གྲོལ་བཀའ་རྒྱ་བལྟ་མ་ཚུགས་པས་ཟེར་ བཤདཔ་ཨིན་པས།

དངུལ་རྩིས་སྡེ་ཚན་གྱིས་ བཟོ་རིག་འགོ་དཔོན་ གནས་སོར་བཏང་ཡོད་པའི་སྐོར་ལས་ ཤེས་རྟོགས་མེདཔ་བཞིན་དུ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ བཟོ་རིག་འགོ་དཔོན་གིས་ མོང་སྒར་རྫོང་ཁག་བདག་སྐྱོང་ནང་ སྙན་ཞུ་མ་འབདཝ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ རྫོང་ཁག་བདག་སྐྱོང་ལུ་ འཐུས་ཤོར་བྱུང་མི་ལུ་ ཁ་གསལ་རྐྱབ་དགོཔ་སྦེ་ སླབ་མི་དང་འཁྲིལ་ རྫོང་ཁག་གིས་ ལན་གསལ་ཕུལ་ཡོདཔ་བཞིན་དུ་ ད་རེས་ ལྷན་ཚོགས་ཀྱི་འཐུས་མི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ འདུ་འཛིན་སྦེ་ཡོདཔ་ལས་ བལྟ་མ་ཚུགས་པར་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༩-༢༠ དང་འཁྲིལཝ་ད་ ལྷན་ཚོགས་ཀྱིས་ གནད་དོན་ཁག་མ་འདྲཝ་ཚུ་ནང་ ཞི་གཡོགཔ་ཚུ་ལུ་ དང་ལེན་འབད་དོ་ཟེར་ཨིནམ་ད་ ཞི་གཡོགཔ་༧ ཁྲིམས་སར་མ་བསྐྱལ་བའི་ཧེ་མར་༤ ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་ཡོདཔ་ཨིན་པས།

ཞི་གཡོགཔ་༩ འབྲེལ་ཡོད་ལས་སྡེ་ཚུ་གིས་ སྒྲིག་གཞི་དང་འབྲེལ་བའི་ ཉེས་ཆད་དང་ དགོངས་ཞུ་གཏང་ནི་ ཉེན་བརྡ་འབད་ཡོདཔ་ད་ སྙན་ཞུ་དང་འཁྲིལཝ་ད་ སྒྲིག་གཞི་དང་འབྲེལ་བའི་ དང་ལེན་འབད་བའི་ཤུལ་ལས་ གནད་དོན་༡༡ ལྷན་ཚོགས་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ ལས་སྡེ་ཚུ་གིས་ དང་ལེན་འབད་མི་ལུ་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཉོགས་བཤད་བཀོད་མི་ གནད་དོན་༡༣ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *