གནས་ཚུལ་མདོར་བསྡུས།

གནམ་ལོ་གླང་ལོའི་སྔོན་བཤད།

ཉི་མ་དབང་འདུས།

༉ ན་ཧིང་ ལོ་འཁོར་༡༢ ཀྱི་ལོ་དང་པ་ འགོ་བཙུགསཔ་དང་འབྲེལ་ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་དེ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོན་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་ཀྱིས་གཙོས་པའི་ འཛམ་གླིང་ནང་ དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ཨིན།

ནད་ཡམས་ཀྱི་ གནས་སྟངས་དེ་ ཚབས་ཆེན་སྦེ་ར་ཡོདཔ་བཞིན་དུ་ སྤྱི་ཟླ་༢ པའི་ཚེས་༡༡ ལུ་ བྱི་ལོ་དེ་ རྫོགས་སོ་རུང་ ཁ་ཙ་ལས་ གནམ་ལོ་ལྕགས་མོ་གླང་ལོ་ གསར་དུ་ཚེསཔ་དང་འབྲེལ་ ང་བཅས་ག་ར་གིས་ ཀོ་བིཌ་-༡༩ འི་ སྨན་ཁབ་ལྷོད་ཡོདཔ་ལས་ ནད་ཡམས་ཞི་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

ཨིན་རུང་ ཐིམ་ཕུག་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་རྩིས་སློབ་ ཕུརཔ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ལྕགས་མོ་གླང་ལོའི་ བཟང་ངན་གྱི་ སྔོན་བཤད་ནང་ཡང་ ནད་ཡམས་དང་ མུ་གེ་ཚུ་ འཐོན་འོང་ཟེར་ཨིན་པས།

སྤྱིར་བཏང་ལོ་འདི་ནང་ ནང་པའི་རྩིས་གཞུང་དང་འཁྲིལཝ་ད་ ཞི་དྲག་འདྲེས་མ་ཟེར་ འབྱུང་བ་བཞིའི་ སྐྱོན་དང་ཡོན་ཏན་ཚུ་ ཧ་ལམ་ འདྲ་མཉམ་སྦེ་ འབྱུང་ནི་མས་ཟེར་ཨིན་པས།

དེ་གི་བཟློག་ཐབས་ལུ་ རྒྱལ་བའི་གསུང་རབ་ལྷག་ནི་དང་ བསང་ཁྲུས་འབད་ནི་ བསམ་པ་ལྷུན་གྲུབ་མ་ བར་ཆད་ལམ་སེལ་བསག་ནི་ བཛྲ་གུ་རུ་བགྱང་ནི་ དེ་ལས་ འཇིག་རྟེན་དབང་ཕྱུག་གང་མང་ བསག་དགོ་ཟེར་ཨིན་པས།

ཨིན་རུང་ ལོ་འདི་ནང་ ཆར་ཆུ་འབོལ་སུ་རྐྱབ་ནི་ཨིནམ་ལས་ ལོ་ཐོག་དང་ ཤིང་ཐོག་ཚུ་ རང་བཞིན་གྱིས་ ལེགས་ཤོམ་འོང་ནི་ཨིན་པས།

དེ་བཟུམ་སྦེ་ ལོ་འདི་ནང་ སྤྱིར་བཏང་མི་ལུ་ ལེགས་ཤོམ་འོང་ནི་ཨིན་རུང་ རྒན་ཤོས་དང་ ཨ་ལོ་ཚུ་ལུ་ འཚུབས་དུམ་གྲ་རེ་ཡོདཔ་ད་ ནོར་སེམས་ཅན་ཚུ་གི་ཐད་ལུ་ འཚུབས་ཆེ་སུ་འོང་ནི་མས་ཟེར་ རྩིས་སློབ་ཕུརཔ་རྡོ་རྗེ་གིས་ སླབ་ཨིན་པས།

ཁོ་གིས་འབད་བ་ཅིན་ དུས་ཅི་ ལོ་རྟགས་ཆུ་སྤྲེལ་དང་ སྐྱེས་ལོ་༣༠ འབད་མི་ ཨམ་སྲུ་ཚུ་གིས་སྦེ་ འགོ་བཙུགས་པ་ཅིན་ ཁག་ཆེ་བའི་ལས་སྣ་དང་ གཞན་ལཱ་ག་ཅི་ར་འབད་རུང་ གྲུབ་འབྲས་ཅན་ འབྱུང་ནི་མས་ཟེར་ཨིན་པས།

ཨིན་རུང་ འབྲུག་རྒྱལ་ཁབ་འདི་ རྟེན་འབྲེལ་ལུ་ གཙོ་བོར་བཏོན་མི་ཅིག་འབདཝ་ལས་ ལས་སྣ་འདྲེན་མི་ ཨམ་སྲུ་དེ་ཡང་ འཇའ་རིསམོ་དང་ མིང་ལེགས་ཤོམ་ ཕམ་གཉིས་ཆ་ར་ཡོད་མི་ དེ་ལས་ དབང་རླུང་དར་མི་ཅིག་ དགོཔ་ཨིན་ཟེར་ རྩིས་སློབ་ཀྱིས་ བཤདཔ་ཨིན་པས།

དུས་ཅི་ ལྕགས་མོ་གླང་ལོ་ལུ་སྐྱེས་མི་ སྨེ་བ་དྲུག་དཀར་གྱི་ ཨ་ལོ་ཚུ་ གཉིད་ལྕི་དྲགས་དང་ སྒྱིད་ངན་འོང་ནི་ཨིན་རུང་ བཟོ་རིག་ལུ་ མཁས་དྲགས་འོང་ནི་དང་ ཁོང་གིས་འབད་མི་ལཱ་ཚུ་ ཤུལ་ཆེ་དྲགས་ དེ་ལས་ རིག་རྩལ་ཅན་འོང་ཟེར་ཨིན་པས།

དུས་ཅི་ ལོ་རྟགས་གླང་ལོ་དེ་ ལོ་ཀག་དང་ ལུག་དེ་ བདུན་ཟུར་ དེ་ལས་ བྱ་དང་ སྦྲུལ་གཉིས་ མཐུན་གསུམ་ཕོགཔ་ཨིན་པས།

ལོ་ཀག་ཕོག་མི་ཚུ་ ས་ཐག་རིང་སར་ ལམ་འགྲུལ་འབད་ནི་དང་ ནད་པའི་ཧང་གུ་ལས་དང་ ས་བརྐོ་རྡོ་སློག་ འཐབ་འཛིང་ ཨ་ལོ་གསར་སྐྱེས་དང་ མི་ཤི་སར་ གཉེན་སྦྱོར་འབད་སར་ འགྱོ་ནི་ཚུ་ ག་དེ་དྲག་དྲག་ འཛེམ་གནང་དགོཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *