གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་དང་ ཐབས་ལམ་གྱི་སྐོར་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གྲོས་བསྡུར་འབད་བའི་བསྒང་།

གནས་ཚུལ་གྱི་དོན་ལུ་ ལན་གསལ་འཐོབ་མ་ཚུགས་མི་ གདོང་ལེན་སྦོམ་ཤོས་ཅིག་ཨིནམ།

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་དང་ ཐབས་ལམ་གྱི་སྐོར་ལས་ གནས་ཚུལ་བསྡུ་ལེན་འབད་བའི་སྐབས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ དུས་ཚོད་ལུ་ ལན་གསལ་བྱིན་མ་བཏུབ་པའི་ དཀའ་ངལ་བྱུང་མི་དེ་ སྦོམ་ཤོས་ཅིག་ཨིན་པས།

དེ་ཡང་ འདས་པའི་ལོ་ཚུ་ནང་ གནམ་གཤིས་འགྱུར་བགྲོད་ལུ་ གཞུང་དང་ ལས་སྡེ་ཚུ་གིས་ གདོང་ལེན་དང་ འཆར་གཞི་ སྲིད་བྱུས་ དེ་ལས་ ཐབས་བྱུས་ཚུ་ ག་དེ་སྦེ་ བཏོན་ཡོདཔ་ཨིན་ན་དང་ ལཱ་དང་ལས་རིམ་ཚུ་ ག་དེ་སྦེ་ བསྟར་སྤྱོད་འབད་ཡོདཔ་ཨིན་ནའི་ གནད་དོན་ཐོག་ལུ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ལས་རིམ་དེ་ བསྐྱར་ཞིབ་ཐོག་ གནས་ཚུལ་བསྡུ་བཀོདཔ་འགོ་དཔོན་ཚུ་གིས་ གསལ་བཤད་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡི།

འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཀུན་གསལ་ལས་འཛིན་གྱི་ གནས་ཚུལ་བསྡུ་བཀོདཔ་ ཆོས་སྐྱིད་དབང་མོ་གིས་ སྤུ་ན་ཁ་རྫོང་ཁག་འོག་གི་ པེ་ཏ་རི་གཡུས་ཚན་ནང་ སྔོན་དང་ཕུ་ལས་ སྤང་རྩེ་ཤིང་གི་ མར་ཁུ་བཙིར་ནིའི་ ལམ་སྲོལ་ཡོད་མི་དེ་ ད་རེས་ནངས་པར་ མ་ཉམས་པར་ཡོད་རུང་ རྒྱལ་ཁབ་ནང་ སྲིད་བྱུས་དང་ སྒྲིག་གཞི་ཅིག་མེདཔ་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཁེ་ཕན་དེ་ཅིག་ར་ འབྱུང་མ་ཚུགས་པས་ཟེར་ཨིན་པས།

མོ་གིས་ གསལ་བཤད་འབད་མིའི་ནང་ དང་ཕུ་དང་ ད་རེས་ནངས་པའི་བར་ན་ ཁེ་ཕན་དང་ རྒྱལ་ཁབ་ནང་ ས་གནས་ག་ཏེ་ལུ་ར་ སྤང་རྩེ་ཤིང་འཛུགས་སྐྱོང་འབད་ཡོདཔ་ཨིན་ན་ ད་ལས་ཕར་ ག་དེ་སྦེ་ འབད་དགོཔ་ཨིན་ནའི་ ཞིབ་འཚོལ་སྙན་ཞུ་དང་ གནད་སྡུད་ཚུ་ བསྡུ་སྒྲིག་འབད་དེ་ མིན་འདུག་ཟེར་ཨིན་པས།

འབྲུག་གནས་ལུགས་ཀྱི་ གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ གངས་རི་ཚུ་ནང་ཆགས་མི་ ཁྱེགས་མཚོ་ཚུ་ བཞུ་ནི་དང་ རྦད་འོང་པ་ཅིན་ གཙང་ཆུའི་མཐའམ་བདའ་སྟེ་སྡོད་མི་དང་ ཁྲོམ་ གཡུས་ཚན་ མི་སེར་ སེམས་ཅན་ཚུ་ལུ་ ཉམས་རྒུད་ག་དེ་སྦེ་ འབྱུང་ནི་ཨིན་ན་དང་ གཞུང་དང་ ལས་སྡེ་ཚུ་གིས་ ཐབས་ལམ་དང་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ནའི་ གནས་ཚུལ་འབྲི་བའི་སྐབས་ འབྲེལ་ཡོད་འགོ་དཔོན་དང་ ལས་སྡེ་ཚུ་ལས་ གནད་སྡུད་དང་ དུས་ཚོད་ཁར་ དྲི་བའི་ལན་གསལ་ཚུ་ འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ གནས་ཚུལ་བསྡུ་ལེན་པ་ཅིག་གིས་འབད་བ་ཅིན་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ཆུ་འབབ་ས་གནས་འཛིན་སྐྱོང་གི་ འགོ་དཔོན་ཚུ་གིས་ ཐེངས་༢ པའི་གནས་ཚུལ་འབྲི་ནིའི་དོན་ལུ་ ད་ལྟོའི་བར་ན་ཡང་ ལན་གསལ་འཐོབ་མ་ཚུགས་པར་ཡོད་ཟེར་ཨིན་པས།

ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ འགོ་དཔོན་དང་ མཁས་མཆོག་ཚུ་གིས་ སླབ་མིའི་ནང་ ཕྱིའི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ཀྱི་ གནས་ཚུལ་བསྡུ་ལེན་འབད་ནིའི་དོན་ལུ་ གནས་ཚུལ་བསྡུ་ལེན་པ་ལུ་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ཤེས་ཡོན་སྦྱངས་མི་གིས་ འབད་དོ་ཡོདཔ་ལས་ མི་མང་ལུ་ སྙན་ཞུ་འབདཝ་ད་ དཀའ་ངལ་མ་འཐོན་པའི་ཁར་ གཞུང་དང་ ལས་སྡེའི་འགོ་དཔོན་ཚུ་གིས་ཡང་ ཐད་ཀར་དུ་ སྙན་ཞུ་བྱིན་ནི་འདུག་ཟེར་ཨིན་པས།

རྒྱལ་ཁབ་ནང་ ཁྱད་ཚད་ལྡན་པའི་ཁར་ ཤེས་ཡོན་རྒྱ་ཆེཝ་ཅིག་འབད་མི་ གནས་ཚུལ་བསྡུ་བཀོདཔ་ཚུ་མེདཔ་ལས་ རྒྱལ་ཁབ་དང་ མི་སྡེ་ གཞུང་ ལས་སྡེ་ གཞུང་མིན་ཚོགས་པའི་ནང་ དཀའ་ངལ་ལེ་ཤ་ཡོད་རུང་ རྒྱལ་ཡོངས་ནང་ གསལ་སྟོན་འབད་མ་ཚུགསཔ་ལས་ རྒྱལ་ཁབ་རང་བཙན་དང་ རང་མགོ་རང་འདྲོངས་བཟོ་ནིའི་དམིགས་དོན་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འཁྲིལ་ ལཱ་འབད་མ་ཚུགས་པའི་དཀའ་ངལ་ཡོད་ཟེར་ བཤདཔ་ཨིན་པས།

རང་དབང་ཐོག་ ལཱ་འབད་མི་ བརྡ་བརྒྱུདཔ་ཅིག་གིས་ སླབ་མིའི་ནང་ ལྷུན་རྩེ་རྫོང་ཁག་ མཁོ་མང་རྒེད་འོག་གི་ ཁྱེགས་མཚོ་དང་ མཚོ་འཁྱིལ་ཡོད་མི་དེ་ འདས་པའི་ལོ་ཚུ་ནང་ རྦད་འོང་པའི་སྐབས་ ཨའུ་མཚོ་ཁྲོམ་དང་ གཡུས་ཁའི་ཁྱིམ་གུང་ཚུ་ འཕྱགས་བདའ་ཡོདཔ་མ་ཚད་ ལ་ལོ་ཅིག་ འཐིམས་ཡོདཔ་ཨིན་རུང་ འབྲེལ་ཡོད་འགོ་དཔོན་ལ་ལོ་ཅིག་ལུ་ གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་དང་ ཚ་གྱང་མེདཔ་སྦེ་ སྡོད་མི་འདུག་ཟེར་ཨིན་པས།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གནས་ཚུལ་བསྡུ་བཀོདཔ་ཚུ་དང་འཁྲིལཝ་ད་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་འབད་ནིའི་དོན་ལུ་ ལཱ་དང་ལས་རིམ་ སྲིད་བྱུས་ཚུ་ཡོད་རུང་ མ་དངུལ་མེད་པའི་དཀའ་ངལ་འདུག་ཟེར་ཨིན་པས།

ལོ་བསྟར་བཞིན་དུ་ དབྱར་རྩ་དགུན་འབུབ་ཐོན་སྐྱེད་ མར་འབབ་འགྱོ་བའི་ཁར་ ལ་དང་ རི་གུ་ལས་ཕར་སྡོད་མི་ཚུ་ ལ་ནོར་གཡག་ལུ་བརྟེན་ སྡོད་མི་དེ་ཡང་ མར་འབབ་འགྱོ་བའི་སྐོར་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ གསལ་བཤད་འབད་ཡོདཔ་བཞིན་དུ་ གཡག་གསོ་སྐྱོང་ཡར་སེང་དང་ ཉམས་གསོ་གི་དོན་ལུ་ གཞུང་དང་ མི་སེར་གྱི་བར་ན་ འབྲེལ་མཐུན་ལེགས་ཤོམ་མེད་པའི་དཀའ་ངལ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ གནས་ཚུལ་དེ་ སྤུས་ཚད་ཅན་དང་ རྒྱལ་ཁབ་མ་ཚད་ རྒྱལ་སྤྱི་ལུ་ ཁེ་ཕན་སྤྱོད་ཚུགསཔ་སྦེ་ བཀྲམ་སྤེལ་འབད་ཐབས་ལུ་ འབྲུག་བརྡ་བརྒྱུད་གཞི་ཚོགས་དང་ གཞུང་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་སྦོམ་སྦེ་ བྱིན་དགོཔ་འདུག་ཟེར་ཨིན་པས།

འབྲུག་བརྡ་བརྒྱུད་གཞི་ཚོགས་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉིནམ་༡ གི་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ འདས་པའི་གནས་ཚུལ་བཀྲམ་སྤེལ་འབད་མི་གིས་ རྒྱལ་ཡོངས་དང་ མི་སྡེ་ལུ་ ཁེ་ཕན་ག་དེ་སྦེ་བྱུང་ཡོདཔ་ཨིན་ན་དང་ གནས་ཚུལ་བསྡུ་ལེན་འབད་བའི་སྐབས་ དཀའ་ངལ་དང་ གདོང་ལེན་ དེ་ལས་ གོ་སྐབས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ མ་འོངས་པའི་དོན་ལུ་ གཞུང་དང་ ལས་སྡེ་ མི་མང་གིས་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་དང་ ཞིབ་འཚོལ་འབད་དགོཔ་ག་ཅི་ཡོད་ག་དང་ ད་ལས་ཕར་ འབད་དགོ་པའི་ལཱ་དང་ལས་རིམ་ འཆར་གཞི་ཚུ་ ག་དེ་སྦེ་ཡོད་ག་ ཤེས་རྟོགས་འབྱུང་ཐབས་ལུ་ འགོ་འདྲེན་འཐབ་ཅི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *