གནས་དབྱུང་བཅའ་ཁྲིམས་ཀྱི་དགོས་མཁོ།

༉ ལོ་ངོ་༢ ཀྱི་ཧེ་མར་ རྒྱལ་ཁབ་ཀྱི་ བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༣༢ པ་དང་ དམིགས་བསལ་དུ་ རྩ་ཚན་༣༢(༥) པའི་དགོངས་དོན་དང་འཁྲིལ་ཏེ་ གནས་དབྱུང་དཔྱད་ཡིག་༢༠༡༩ ཅན་མ་དེ་ ངོ་སྤྲོད་ཐོག་ གསུང་གྲོས་གནང་ནུག།

དེ་ཡང་ མ་འོངས་པར་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་འབད་དགོ་པའི་ བྱ་རིམ་རེ་ འཐོན་པ་ཅིན་དང་ གཞུང་སྐྱོང་ལེགས་ལྡན་གྱི་ དམིགས་ཡུལ་འགྲུབ་ཐབས་ལུ་ གནས་དབྱུང་གི་ དཔྱད་ཡིག་ཅིག་ ངེས་པར་དུ་དགོཔ་ཡོད་མི་ལུ་བརྟེན་ཨིན་མས།

དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་དེ་གུ་ གྲོས་བསྡུར་ཞིབ་པར་ གནང་ཞིནམ་ལས་ ན་ཧིང་ སྤྱི་ཟླ་༢ པའི་སྔ་ཆ་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ བཏང་ཡོད་རུང་ དགོས་མཁོ་ཅན་སྦེ་ མ་མཐོངམ་ལས་ ལོག་སྟེ་ར་ བསྐྱར་ཞིབ་ཚོགས་ཁང་ནང་བཏང་ནུག།

ད་རེས་འབད་བའི་བསྒང་ལས་ གནས་དབྱུང་བཅའ་ཁྲིམས་ཀྱི་ དགོས་མཁོ་བྱུང་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྩས་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་དང་  བཀྲིས་གཡང་རྩེ་ཁམས་དྭངས་-རམ་འཇར་འདེམས་ཁོངས་ལས་ སྤྱི་ཚོགས་ཀྱི་འཐུས་མི་༢ ཁྲིམས་འགལ་དང་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ བྱ་སྤྱོད་འཐབ་པའི་ གནོད་འགེལ་ལུ་བརྟེན་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ནི་དེ་གིས་ཨིན་མས།

མ་གཞི་ རྩོད་དོན་གཉིས་ཆ་ར་ རྫོང་ཁག་ཁྲིམས་འདུན་ནང་ བཤེར་འཕྲོ་སྦེ་ཡོད་རུང་ ཁྲིམས་དོན་མཁས་མཆོག་དང་ ཁྲིམས་རྩོད་ཚུ་གིས་འབད་བ་ཅིན་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་ འཛིན་བཟུང་དང་ ཉེས་འཛུགས་མ་འབད་བའི་ཧེ་མར་ དང་པ་ར་ གནས་དབྱུང་གི་ རྩོད་བཤེར་རིམ་པ་ འགོ་འདྲེན་འཐབ་དགོ་ཟེར་ཨིན་མས།

རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་རུང་ སྤྱི་ཚོགས་ཀྱིས་ གནས་དབྱུང་ཁོ་ནའི་ཐོག་ལས་ བཏོན་གཏང་པའི་ཤུལ་ལུ་རྐྱངམ་གཅིག་ སྤྱིར་བཏང་མི་སེར་སྦེ་ འཛིན་བཟུང་འབད་རུང་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་དགོཔ་ཨིན་མས།

རྩ་ཁྲིམས་ཆེན་མོའི་ རྩ་ཚན་༣༢ པའི་རྩ་དོན་༣༢.༢ ཅན་མ་དང་འཁྲིལཝ་ད་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་ འཇོན་ཐངས་ ཡང་ན་ ལྕོགས་གྲུབ་མེདཔ་ མི་དགེ་བའི་ཀུན་སྤྱོད་ཚབས་ཆེན་གྱི་ གཞི་གནད་ཁོ་ན་ལུ་བརྟེན་ སྤྱི་ཚོགས་ཀྱི་འཐུས་མི་ཡོངས་བསྡོམས་ཀྱི་ གསུམ་དཔྱ་གཉིས་ལས་མ་ཉུངམ་ཅིག་གིས་ མོས་མཐུན་འབྱུང་ཚེ་ གནས་དབྱུང་གཏང་དགོཔ་ཨིན་མས།

དེ་གི་དོན་ལུ་ གནས་དབྱུང་གི་ བཅའ་ཁྲིམས་ངེས་པར་དུ་ དགོ་ནི་ཨིནམ་ད་ དེ་མེན་རུང་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱིས་ གནས་དབྱུང་གི་ དབྱེ་བཤེར་རིམ་པ་ འགོ་འདྲེན་འཐབ་ཐོག་ལས་ འབད་དགོ་ཟེར་ ཁྲིམས་རྩོདཔ་ཚུ་གིས་ བཤདཔ་ཨིན་མས།

ད་རེས་ཐོན་མི་ རྩོད་དོན་དེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཁྲིམས་བཟོ་ལྷན་སྡེའི་ ཁ་ཐུག་ལས་ གནས་དབྱུང་གི་དཔྱད་ཡིག་ སྤྱི་ཚོགས་ནང་ བཙུགས་ཐོག་ལས་ ཆ་འཇོག་འགྲུབ་གནང་དགོ་པའི་ བརྡ་མཚོན་སྟོནམ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུ་གིས་འབད་རུང་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་འདེབས་ལུ་ ངོས་ལེན་གནང་དགོ།

གནས་དབྱུང་གི་བཅའ་ཁྲིམས་ཡོད་པ་ཅིན་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་ ཁྲིམས་འགལ་ལ་སོགས་པའི་ གནོད་འགོལ་དང་ ཀུན་སྤྱོད་རྣམ་གཞག་ལས་འདས་པའི་ བྱ་སྤྱོད་ག་ཅི་ར་འཐབ་རུང་ ཁྲིམས་དང་འཁྲིལ་ དང་ལེན་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ནི་ཨིན་མས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *