གནམ་ལོ་བྱི་ལོའི་ནང་ བསམ་རྩེ་ལུ་ ཁྲིམས་འགལ་གནད་དོན་ མཐོ་ཤོས་ཐོན་ཡོདཔ།

༉ སྤྱི་ལོ་༢༠༢༠ དེ་ འབྲུག་པའི་མི་སེར་གྱི་དོན་ལུ་ གནམ་ཡང་བརྗེད་མ་བཏུབ་པའི་ ལོ་ཅིག་འོང་ནི་དང་ བསམ་རྩེ་གི་མི་སེར་གྱི་དོན་ལུ་འབད་རུང་ ལོ་དེ་སེམས་ཁར་ལས་ ཡལ་མི་བཏུབ་ནི་ཨིན་པས།

དེ་ཡང་ ལོ་དེ་ནང་ མི་ཚུ་གིས་ གསང་བའི་ཐོག་ལས་ བྱ་ངན་འབད་མི་ཚུ་ འཛིན་བཟུང་འབད་ནི་དེ་གིས་ཨིན།

བསམ་རྩེ་ལུ་ རྒྱ་གར་དང་གཅིག་ཁར་ ས་མཚམས་ལེ་ཤ་ཡོདཔ་བཞིན་དུ་ མི་རློབས་མང་བའི་ རྫོང་ཁག་ཅིག་འབད་རུང་ ནད་ཡམས་ཐོབ་མི་དེ་ཅིག་ར་ མ་འཐོན།

ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་དང་ཕྱདཔ་ད་ བསམ་རྩེ་རྫོང་ཁག་ནང་ ཁྲིམས་འགལ་གི་ལཱ་འབད་མི་ མཐོ་ཤོས་ཐོན་ནུག།

ད་ལྟོ་ཚུན་ བྱ་ངན་འབད་མི་༨༤ དེ་ཅིག་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ མི་ངོམ་༡༡༩ ཉེས་འཛུགས་འབད་ཡོདཔ་ད་ མི་ངོམ་༡༡༣ ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན།

ཁྲིམས་འགལ་གྱི་ལཱ་འབད་མི་དང་ ས་མཚམས་བརྒལ་འགྱོ་མི་༣༢ པོ་དེ་ མཐོ་ཤོས་ཅིག་ཨིནམ་ད་ མི་ངོམ་༣༩ ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན།

ཁྲིམས་འགལ་གྱི་སྙན་ཞུ་དེ་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ བསམ་རྩེ་རྒེད་འོག་ནང་བྱུང་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༢༠ ལང་མི་དེ་གིས་ གསང་བའི་ཐོག་ ཚོང་འཛོམས་ལས་ ས་མཚམས་ཕྱི་ཁར་ སོང་ནུག།

མི་ངོམ་དེ་ ནད་རྟགས་མེདཔ་སྦེ་ཐོན་ཡོདཔ་ད་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ གཡུས་མི་༨༧ དེ་ཅིག་ ཟུར་བཞག་འབད་ཡོདཔ་ད་ སྤྱི་ཟླ་༨ པའི་ནང་ བརྟག་ཞིབ་འབདཝ་ད་ ནད་རྟགས་མེདཔ་སྦེ་ ཐོན་ཡི།

ཁྲིམས་འགལ་ཐོག་ལས་ ས་མཚམས་ཕྱི་ཁར་སོང་སྟེ་ ཏམ་ཁུ་ནག་ཚོང་འཐབ་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ བྱ་ངན་འབད་མི་ཚུ་ མང་ཤོས་ར་ འཛིན་བཟུང་འབད་ཡི།

བྱ་ངན་གཞན་ཚུ་ཡང་ སྙན་ཞུ་མ་འབད་མི་དང་ ཟུར་བཞག་ལྟེ་བའི་ ལམ་ལུགས་ལས་བརྒལ་མི་དང་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་ བརྒལ་མི་ཚུ་ཨིན།

བྱ་ངན་འབད་མི་༢༤ ཐོ་བཀོད་འབད་མི་ལས་ མི་ངོམ་༡༥ ལུ་ ཉེས་ཁྲིམས་བཀལ་ཡོདཔ་ད་ ཁྲིམས་འགལ་ཐོག་ལས་ ཆང་དང་སྨྱོ་རྫས་ནང་འདྲེན་འབད་མི་༡༦ ལུ་ཡང་ བཙོན་ཁྲིམས་བཀལ་ཡི།

ཁྲིམས་འགལ་མཐོ་ཤོས་ར་ ནོར་བུ་སྒང་ལུ་ བྱུང་ཡོདཔ་ད་ ནོར་གེ་སྒང་ལས་ རྟ་ལྡིང་ཚུན་ཚོད་ རྒྱ་གར་གྱི་ གཡུས་ཚན་ཚུ་དང་ ས་མཚམས་མཐུད་དེ་ཡོདཔ་ལས་ འབྲུག་པའི་གཡུས་ཚན་ཨིན་ན་ རྒྱ་གར་གྱི་གཡུས་ཚན་ཨིན་ན་ མ་ཤེས་པའི་གནས་སྟངས་བྱུང་ཡི།

ས་མཚམས་ཁར་ འཛུལ་སྒོ་༧༤ དེ་ཅིག་ཡོདཔ་ད་ ས་མཚམས་ཚུ་ བསྟན་སྲུང་དང་ ཁྲིམས་སྲུང་ དེ་ལས་ བདེ་སྲུང་བསྡོམས་༨༠༠ ལྷགཔ་ཅིག་གིས་ སྲུང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *