གནམ་ལོ་བྱི་ལོ་འདི་ ནད་ཡམས་ཀྱི་ལོ་སྦེ་ རྒྱལ་རབས་ནང་ཚུད་ནི།

༉ གནམ་ལོ་ལྕགས་ཕོ་བྱི་ལོ་ འགོ་བཙུགས་ཏེ་ ཟླཝ་༡ མ་ལངམ་ལས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ ཐོན་ཞིནམ་ལས་ཚུར་ ཟླ་ངོ་༡༡ གི་ནང་ མི་གྲངས་༨༦༡ ལུ་ ནད་འབུབ་ཐོབ་ཡོད་པའི་ མངོན་གསལ་བྱུང་ཡི།

ཀོ་རོ་ན་བའེ་རཱསི་དེ་ དང་པ་ར་ རྒྱ་ནག་གི་ཁྲོམ་སྡེ་ ཝུ་ཧཱན་ལས་ཐོན་ཏེ་ ཐའི་ལེནཌ་དང་ རྒྱལ་ཁབ་གཞན་ཚུ་བརྒྱུད་དེ་ འབྲུག་ལུ་ལྷོད་ནི་ལུ་ དུས་ཡུན་གངམ་མ་འགོར།

རྒྱལ་ཁབ་ནང་ ནད་འབུབ་ཐོབ་མི་ དང་པ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༥ ལུ་ སྐྱེས་ལོ་༧༦ ལང་མི་ ཨ་མི་རི་ཀའི་ ལྟ་བཤལཔ་ཕོ་སྐྱེས་ཅིག་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་འོངམ་ད་ བདའ་ཟུན་ཡོདཔ་ད་ ནདཔ་དེ་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ཁོ་རའི་རྒྱལ་ཁབ་ནང་ ལོག་སོང་སྟེ་ ཉིན་གྲངས་དག་པ་ཅིག་གི་རྒྱབ་ལས་ ཁོ་གི་དགའ་རོགས་ སྐྱེས་ལོ་༥༧ ལང་མི་ ཕྱི་གླིངཔ་ཨམ་སྲུ་དེ་ལུ་ཡང་ ནད་འབུབ་ཡོད་པའི་ ངོས་འཛིན་བྱུང་ཡི།

དེ་འཕྲོ་ལས་ གཞུང་གིས་ རྒྱལ་ཁབ་ནང་ ཕྱིའི་ལྟ་བཤལཔ་འོང་ནི་དེ་ བཀག་ཆ་འབད་ཡོདཔ་མ་ཚད་ ནད་འབུབ་ཁྱབ་སྤེལ་གྱི་ ཉེན་ཁ་ལུ་བརྟེན་ ལྟ་བཤལཔ་༢ ཀྱིས་ ལྟ་སྐོར་འབད་མི་ ཐིམ་ཕུག་དང་ སྤུ་ན་ཁ་ དེ་ལས་ སྤ་རོ་ཚུ་ནང་གི་ སློབ་གྲྭ་དང་ གཙུག་སྡེ་ཚུ་ཡང་ སྒོ་བསྡམས་པའི་ཤུལ་ལུ་ སྤྱི་ཟླ་༣ པའི་ཚེས་༡༨ ལས་ སློབ་གྲྭ་དང་ གཙུག་སྡེ་མང་རབས་ཅིག་ སྒོ་བསྡམས་ཅི།

དེ་གི་སྐབས་ལུ་ གསོ་བ་ལྷན་ཁག་གིས་ ཉེན་སྲུང་གི་དོན་ལུ་ ཁ་རས་སྤུབ་དགོཔ་དང་ ཆང་ལྡན་སྨན་ཆུ་ ལགཔ་གུ་དབུར་ནི་དེ་ ཁག་ཆེ་བའི་སྐོར་ སླབ་མི་དང་འཁྲིལ་ སྨན་ཚོང་ཁང་ཚུ་ནང་ ཆང་ལྡན་སྨན་ཆུ་དང་ ཁ་རས་ཚུ་ རྫོགས་ཡོད་པའི་ དཀའ་ངལ་ཡང་ཐོན་ཡི།

ནད་འབུབ་ཁྱབ་སྤེལ་བཀག་འཛིན་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ལུ་ ཚ་རིམས་སྨན་ཁང་༥༦ དང་ ཕྱི་རྒྱལ་ལས་ འོང་མི་ཚུ་ ཉིན་གྲངས་༡༤ རེ་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོཔ་སྦེ་ བཟོ་ཡོདཔ་མ་ཚད་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ས་མཚམས་འཛུལ་སྒོ་ཚུ་ཡང་ སྒོ་བསྡམས་ཡོདཔ་ད་ དེ་གི་ཤུལ་ལས་ ཟུར་བཞག་གི་དུས་ཡུན་དེ་ ཉིན་གྲངས་༢༡ ལུ་ ཡར་སེང་འབད་ཡི།

སྤྱི་ཟླ་༣ པའི་ཚེས་༢༥ ལུ་ ཡོ་རོབ་ལས་ ལོག་འོང་མི་ འབྲུག་པའི་སློབ་ཕྲུག་ཨམ་སྲུ་༡ ལུ་ ནད་འབུབ་ཐོབ་ཡོདཔ་ ངོས་བཟུང་འབདཝ་ལས་ ཀོ་བིཌ་-༡༩ ཐོབ་མི་དེ་ འབྲུག་མི་དང་པ་ཨིན་པས།

ནད་ཡམས་ལུ་བརྟེན་ འཛམ་གླིང་རྒྱལ་ཁབ་ ག་རའི་ནང་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ འབྲུག་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོའི་འོག་ལུ་ མི་སེར་ཚུ་ ནང་དོག་དགོཔ་མ་ཐོན།

ལོ་དེ་ནང་ ནད་འབུབ་ཁྱབ་སྤེལ་ བཀག་ཐབས་ལུ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ ཚར་༢ འབད་ཡོདཔ་ད་ མི་མང་བརྟག་དཔྱད་ཀྱི་ ལས་རིམ་ཚུ་ཡང་ རྒྱ་ཆེ་དྲགས་སྦེ་ འགོ་འདྲེན་འཐབ་ཅི། 

དབུ་ཁྲིད།

རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ ཉིནམ་དང་པ་ལས་འགོ་བཙུགས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་སེར་ལུ་ ཐུགས་ཚ་གྱང་སྦོམ་བཞེས་ཏེ་ ཉེན་ཁ་ཅན་གྱི་ ས་མཚམས་ནང་ལས་ཕར་ ཆིབས་སྐྱོད་གནང་སྟེ་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ལུ་ བློ་སྟོབས་དང་ སེམས་ཤུགས་སྦོམ་སྦེ་ར་ གནང་ཡོདཔ་མ་ཚད་ རྒྱང་མཐོང་གི་ཐོག་ལས་ མི་མང་ལུ་ གསུང་བཤད་ཡང་ ཚར་༢ གནང་ཡི།

མི་དབང་མཆོག་གིས་ ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་མི་ཚུ་ལུ་ རྒུད་གསོའི་སྐྱིད་སྡུག་ལམ་ལུགས་ གཞི་བཙུགས་གནང་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་གིས་ཡང་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ལུ་ གསོལ་རས་ཚུ་གནང་ཡི།

གཞུང་གྲྭ་ཚང་གིས་འབད་རུང་ ནད་ཡམས་ལས་ བཟློག་ཐབས་ལུ་ སྐུ་རིམ་ཚུ་ གནང་ཡོདཔ་མ་ཚད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སངས་རྒྱས་སྨན་བླའི་སྐུ་རིམ་གནང་སྟེ་ སྨན་བླའི་རིལ་བུ་ཚུ་ཡང་ མི་མང་ལུ་ བགོ་བཀྲམ་གནང་ཡི།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་འབད་རུང་ གསོ་བའི་སྡེ་ཚན་ འགོ་ཁྲིད་ཐོག་ ནད་ཡམས་སྔོན་འགོག་འབད་ནི་ལུ་ བརྩོན་ཤུགས་གང་དྲག་བསྐྱེད་ཡོདཔ་བཞིན་དུ་ འབྲུག་མི་རེ་རེ་བཞིན་དུ་དང་ གཞུང་དང་ གཞུང་མིན་ལས་སྡེ་ཚུ་གིས་ཡང་ མཉམ་འབྲེལ་རྒྱ་ཆེཝ་སྦེ་འབད་ཡི།

སྨན་ཁབ་འཆར་གཞི།

མི་ཚུ་གིས་ ནད་གཞི་ལས་ དྲག་ནི་དེ་ སྨན་ཁབ་དེ་ར་ཨིནམ་སྦེ་ བརྩི་འཇོག་འབད་མི་དང་འཁྲིལ་ རྒྱ་གར་ལས་ ཨེསི་ཊ་ཟེ་ནི་ཀ་ཟེར་མི་ སྨན་ཁབ་༡༥༠,༠༠༠ འབད་མི་ གོ་རིམ་དང་པ་དེ་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༠ ལུ་ རྒྱལ་ཁབ་ནང་ལྷོད་ཅི། 

སྨན་ཁབ་ཚུ་ཡང་ རྒྱ་གར་གཞུང་གིས་ ཕྱི་འབྲེལ་མཐུན་ལམ་ དམ་ཟབ་ཡོད་མི་ལུ་ གཞི་བཞག་སྟེ་ གསོལ་རས་སྦེ་ བྱིན་ཡོདཔ་ད་ གཞུང་གིས་ དམིག་གཏད་བསྐྱེད་མི་ སྨན་ཁབ་ཀྱི་ཚད་གཞི་ལངམ་སྦེ་ ཐོབ་པའི་ཤུལ་ལུ་ རྒྱལ་ཡོངས་ལུ་ སྨན་ཁབ་བཙུགས་ནིའི་ལས་རིམ་ འགོ་བཙུགས་ནི་དང་ རང་ཟླ་དང་པ་འདི་ ཟླ་ནག་འབདཝ་ལས་ ཤུལ་མའི་ཟླཝ་ནང་ལས་ སྨན་ཁབ་འགོ་བཙུགས་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *