གནམ་ལོ་བྱི་ལོ་གིས་ ཧཱ་རྫོང་ཁག་ མཛེས་ཆ་དང་ལྡནམ་སྦེ་ བཟོ་ཡོདཔ།

༉ མཐའ་ཟུར་གྱི་ རྫོང་ཁག་ཅིག་ཨིན་མི་ ཧཱ་རྫོང་ཁག་གིས་ འདས་པའི་ལོ་ནང་ ནད་ཡམས་ཀོ་བིཌ་༡༩ རྫོང་ཁག་ནང་ ལྷོད་མ་བཅུག་པར་ བཀག་ཐབས་འབད་མ་ཚུགས།

རྫོང་ཁག་དེ་ རྒྱལ་ས་ལྟེ་བ་དང་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ ཉེ་འདབས་ལུ་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ འགྲུལ་སྐྱོད་བཀག་དམ་ཐེངས་༢ ཆ་རའི་སྐབས་ ཧཱ་ལུ་ ནད་ཡམས་ཀོ་བིཌ་༡༩ འཐོབ་མི་ཐོན་ཡི།

ཧཱཔ་ཚུ་གི་དོན་ལུ་ གནམ་ལོ་བྱི་ལོ་དེ་ འུར་བྱེལ་ཅན་ཅིག་སྦེ་ སྡོད་མི་དེ་ཡང་ ནད་ཡམས་ཀྱི་ གདོང་ལེན་འབད་ནི་དང་ རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་ཐེངས་༦ པ་ གྲ་སྒྲིག་འབད་ནིའི་དོན་ལུ་ཨིན་པས།

ཧཱ་ལུ་ ནད་ཡམས་མ་འཐོན་པ་ཅིན་ ཧཱ་རྫོང་ཁག་དེ་ ལྟ་བཤལ་པའི་དོན་ལུ་ ས་གནས་གཙོ་ཅན་ཅིག་དང་ སེམས་ཤོར་སི་སི་ཅིག་ཨིན་ཟེར་ གསལ་སྟོན་འབད་ནིའི་ གོ་སྐབས་འབྱུང་ནི་ཨིན་པས།

ལྷ་ཁང་དཀར་པོ་ མཛེས་ཆ་དང་ལྡནམ་སྦེ་བཟོཝ་ལས་ཚུར་ རྒྱལ་ཁབ་ནང་ ལྡེབས་རིས་རིང་ཤོས་བྲིས་ཡོད་པའི་ཁར་ སྔོ་ཤིང་སྣ་ཚོགས་ཀྱི་ལྡུམ་ར་དང་ མེ་ཏོག་སྣ་ཚོགས་ཀྱི་ལྡུམ་ར་ཚུ་གིས་ ས་གནས་མཛེས་ཏོག་ཏོ་བཟོ་ནུག།

རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་ འགོ་འདྲེན་མ་འཐབ་པའི་ ཉིནམ་༢ ཀྱི་ཧེ་མར་ གཞུང་གིས་ རྒྱལ་ཁབ་ནང་ འགྲུལ་སྐྱོད་བཀག་དམ་ཐེངས་༢ པའི་ གསལ་བསྒྲགས་འབད་ཡོདཔ་ལས་ འགྲེམས་སྟོན་ཆ་མེད་གཏང་དགོཔ་བྱུང་ཡི།

རྫོང་ཁག་བདག་སྐྱོང་གིས་ འགྲེམས་སྟོན་དེ་ གློག་རིག་ཐོག་ལས་ གསལ་སྟོན་འབད་ནིའི་དོན་ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ཊི་བི་དང་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གསལ་བསྒྲགས་འབད་རུང་ མི་ཚུ་གིས་ ས་གནས་ནང་ སོང་ཞིནམ་ལས་ དངོས་མཐོང་སྦེ་ལྟ་ནུག།

ཨིན་རུང་ མི་ཚུ་གིས་ ལོ་བསྟར་མེ་ཏོག་དུས་སྟོན་སྐབས་ ག་ར་མཐོང་ཚུགས་ནི་ཨིནམ་ད་ དུས་ཅི་ རྫོང་ཁག་ནང་འཁོད་ཀྱི་ ལོ་བསྟར་དུས་སྟོན་མང་ཤོས་ར་ ཕྱི་ཁ་ལས་ ལྟདམོ་བལྟ་མི་མེད་པར་ མཇུག་བསྡུ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཡོངས་གྲགས་ཅན་གྱི་ ཧཱ་ཨིམ་ཊཱཊ་མེ་ལ་ དུས་སྟོན་དེ་ཡང་ ཆ་མེད་བཏང་དགོཔ་བྱུང་ནུག།

རྫོང་ཁག་བདག་སྐྱོང་གིས་ ནད་ཡམས་མ་འཐོན་པའི་ཧེ་མར་ རྫོང་ཁག་དེ་ ལྟ་བཤལ་པའི་ ས་གནས་གཙོ་བོ་ཅིག་སྦེ་ བཟོ་ནིའི་དམིགས་གཏད་བསྐྱེད་ཡོདཔ་ད་ གནམ་ལོ་བྱི་ལོའི་ནང་ ལྟ་བཤལ་པའི་དོན་ལུ་ ས་གནས་གོང་འཕེལ་བཏང་ཡོདཔ་ཨིན་པས།

ལྟ་བཤལ་པའི་དོན་ལུ་ ས་གནས་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ སྤྱང་ཁྱི་ཚུ་གི་ ཤ་བཏོགས་ལས་རིམ་ འགོ་འདྲེན་འཐབ་ཅི།

དེ་ལས་ རོང་རྩེ་གནས་ནང་ གཞི་རྟེན་གོང་འཕེལ་གྱི་ལཱ་ སྨན་ཆུ་དང་ སྒར་བཅག་ནིའི་ས་གོ་ གློག་མེའི་ཐུན་རྐྱེན་ ཟུར་ལམ་ དེ་ལས་ བརྡ་བྱང་བཟོ་ནི་ཚུ་ འགོ་བཙུགས་ཡོདཔ་ད་ དེ་གིས་ དགའ་སྐྱིད་གླིང་དང་ གསང་སྦས་ཁ་རྒེད་འོག་༢ ཀྱི་དོན་ལུ་ ཕན་རླབས་ཅན་ཅིག་འོང་ནི་ཨིན་པས།

རྒེད་འོག་དེ་༢ ཧཱ་དང་ བསམ་རྩེ་བར་ནའི་ རྒྱལ་ཡོངས་གཞུང་ལམ་གྱིས་ མཐུད་སྦྲེལ་འབད་ཡོདཔ་ད་ ནད་ཡམས་ལུ་བརྟེན་ གཡུས་ཁའི་མི་ཚུ་ལུ་ ཨ་ལཱན་ཅི་དང་ཚལ་ལུ་ ཚོང་འབྲེལ་འཐབ་སྟེ་ འོང་བབས་ཡར་སེང་བཟོ་ནིའི་ གོ་སྐབས་བྱུང་ནུག།

ཧཱ་རྫོང་ཁག་གིས་ ལོ་རིམ་བཞིན་དུ་ ཚོད་བསྲེ་རང་མགོ་རང་འདྲོངས་བཟོ་ནིའི་ དམིགས་གཏད་དང་ ཧཱ་སྨད་ཀྱི་ འགྲོ་འགྲུལ་བཀག་དམ་ཐེངས་༢ པའི་སྐབས་ གནམ་དགུན་གྱི་ཚོད་བསྲེ་ཚུ་ བཀྲམ་སྤེལ་འབད་ཡི།

རྫོང་ཁགབདག་སྐྱོང་གིས་ ཧཱ་ཁྲོམ་ལུ་ ཚོད་བསྲེ་དང་ ལ་མཐོ་སར་སྡོད་མི་ཚུ་གི་ ལ་ནོར་ཐོན་སྐྱེད་ཚུ་ བསྡུ་ལེན་འབད་ས་དང་ ཚོང་འབྲེལ་འཐབ་སའི་ ས་གོ་ཅིག་ཡང་ བཟོ་སྐྲུན་འབད་ཡི།

ཨིམ་ཊཱཊ་གི་ མི་ཅིག་དང་ སློབ་ཕྲུག་༡ ལུ་ ནད་ཡམས་ཀོ་བིཌ་༡༩ ཐོབ་ཡོདཔ་མ་གཏོགས་ རྫོང་ཁག་ནང་འཁོད་ལུ་ ནད་ཡམས་དེ་ ཁྱབ་སྤེལ་འགྱོ་ནི་ལས་ ཚད་འཛིན་འབད་ཚུགས་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *