གནམ་བྱཱར་གྱི་ཚོགས་བཞུགས་ མཐར་འཁྱོལ་ཅན་བྱུང་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་མི་ སྤྱི་ཚོགས་༣ པའི་ཚོགས་རིམ་༥ པའི་ནང་ གཏེར་ཁ་དང་ ས་གཏེར་གྱི་དཔྱད་ཡིག་༢༠༢༠ ཅན་མ་དེ་ ཆ་འཇོག་འགྲུབ་ནིའི་ རེ་བ་བསྐྱེད་ཡོད་རུང་ ཚོགས་དཔོན་གྱིས་ ཚོགས་ཁང་གོང་འོག་༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ དཔྱད་ཡིག་དེ་ དུས་ཚོད་ངེས་མེད་ཐོག་ལུ་ ཕྱིར་འགྱངས་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ལུ་ སེམས་དང་མ་ལྡནམ་བྱུང་ནུག།

དཔྱད་ཡིག་དེ་ གཞུང་གི་ལྟ་བ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ལུ་ ཕན་ཁྱད་ཡོད་པའི་ བཅའ་ཁྲིམས་ཅིག་ འོང་ནི་ཨིན་རུང་ འཐུས་མི་ལ་ལོ་གིས་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་ནང་ དཔྱད་ཡིག་དེ་ ལོག་ངོ་སྤྲོད་འབད་ནི་ལུ་ དྭངས་གསལ་མེདཔ་ལས་ གྲོས་བསྡུར་འབད་ཐབས་མ་བྱུང་ཟེར་ཨིན་པས།

ཚོགས་སྡེའི་འཐུས་མི་ཅིག་གིས་ སླབ་མིའི་ནང་ དཔྱད་ཡིག་དེ་ ནུས་མེད་དོན་སྟོང་ འགྱོ་དོ་བཟུམ་ཅིག་ཨིནམ་ལས་ ཚོགས་ཁང་ནང་ བསྐྱར་གྲོས་ཀྱི་དོན་ལུ་ ངོ་སྤྲོད་འབད་མི་བཏུབ་ཟེར་ཨིན་རུང་ མཉམ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ དཔྱད་ཡིག་དེ་ གཞུང་ ཡང་ཅིན་ སྒེར་གྱི་དཔྱད་ཡིག་སྦེ་ ངོ་སྤྲོད་འབད་བཏུབ་འོང་ཟེར་ཨིནམ་ད་ གལ་སྲིད་ བསྒྱུར་བཅོས་རེ་ ཡོད་པ་ཅིན་ དཔྱད་ཡིག་གསརཔ་སྦེ་ བཙུགས་དགོ་ཟེར་ བཤདཔ་ཨིན་པས།

སྤྱི་ཚོགས་ལྷན་བཞུགས་ནང་ རྩ་ཁྲིམས་ཆེན་མོའི་དོན་ཚན་༡༣(༨) དང་འཁྲིལ་ཏེ་ གྲོས་བསྡུར་དང་ ཚོགས་རྒྱན་མ་བཙུགས་པར་ཡོདཔ་ལས་ ནུས་མེད་མི་འགྱོ་ནི་དང་ རྩ་ཁྲིམས་ཆེན་མོ་ནང་ དུས་ཚོད་བཀོད་དེ་མེདཔ་ལས་ མོས་མཐུན་བྱུང་མ་ཚུགས་པའི་ དཔྱད་ཡིག་དེ་ ད་རེས་ ཚོགས་ཐེངས་དེ་ནང་ར་ ཚོགས་རྒྱན་བཙུགས་ནི་དང་ ཕར་འགྱངས་འབད་ནིའི་ དོན་འགྲེལ་ས་གོ་ཅིག་ཡོདཔ་ཨིན་པས།

ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དོན་འགྲེལ་གྱི་ གནད་དོན་ཅིག་ཨིནམ་ལས་ ཁོ་གིས་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་དང་འཁྲིལ་ ཐག་བཅད་ཡོདཔ་བཞིན་དུ་ རྩོད་བསྡུར་གྱི་དོན་ལུ་ རྩ་ཁྲིམས་ཆེན་མོ་ དོན་འགྲེལ་འབད་ནི་མི་འོང་ཟེར་ཨིན་པས།

འཐུས་མི་ལ་ལོ་གིས་ སླབ་མིའི་ནང་ དཔྱད་ཡིག་དེ་ ཕྱིར་བཏོན་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་ལས་ འགལ་འོང་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ སླབ་མིའི་ནང་ ཁྲིམས་བཟོ་བྱ་བའི་གནད་སྤྱོད་དེ་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ མེད་པ་ཅིན་ ནུས་མེད་དོན་སྟོང་འགྱོ་འོང་ཟེར་ཨིན་པས།

ནུས་མེད་དཔྱད་ཡིག་དེ་ ལོ་༡ བཞག་པའི་ཤུལ་ལས་ བསྐྱར་ཞིབ་འབད་དགོཔ་ཨིན་རུང་ མོས་མཐུན་བྱུང་མི་ དཔྱད་ཡིག་ཕྱིར་འགྱངས་འབད་མི་དེ་ དུས་ཚོད་ག་དེམ་ཅིག་ བཞག་ནི་ཨིན་ན་ གསལ་བཀོད་འབད་དེ་ མེདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༣༠ ལུ་ གནམ་བྱཱར་གྱི་ སྤྱི་ཚོགས་ལྷན་བཞུགས་མཇུག་བསྡུཝ་དང་འབྲེལ་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དཔྱད་ཡིག་དང་ གྲོས་ཆོད་ཆ་ཚང་སྦེ་ བལྟ་བ་ཅིན་ ཚོགས་བཞུགས་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་ཡི་ཟེར་བཤད་ཅི།

འགོ་དཔོན་ཚུ་གིས་ ལྷོ་ཕྱོགས་རྫོང་ཁག་ནང་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་སོང་མི་དེ་ ཏམ་ཁུ་ནག་ཚོང་འཐབ་མི་ལུ་བརྟེན་ཨིནམ་སྦེ་ སླབ་ཡོདཔ་ལས་ སྤྱི་ཚོགས་ཀྱིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་ནི་དང་ བཀྲམ་སྤེལ་ དེ་ལས་ ཉོ་ནི་ཚུ་ འབད་ཆོགཔ་བཟོ་ཡི།

བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ འབྲུག་གི་ཏམ་ཁུ་དམ་འཛིན་དཔྱད་ཡིག་དེ་ ཚོགས་ཁང་ནང་ ངོ་སྤྲོད་ཕུལ་བའི་སྐབས་ ཁོ་གིས་ བཅའ་ཁྲིམས་འཕྲི་སྣོན་འབད་བའི་ལས་ཚུ་ ཁོ་ལུ་ འཁོར་ནི་དང་ ཁེ་ཕན་ཚུ་ རྒྱལཔོ་དང་ རྒྱལ་ཁབ་ དེ་ལས་ མི་སེར་ཚུ་ལུ་ འཐོབ་བཅུག་ཟེར་ ཞུ་མི་དེ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ཁྱབ་སྤེལ་སོང་ནུག།

ཨིན་རུང་ འཐུས་མི་ཚུ་གིས་ རྒྱལ་ཁབ་ནང་ ཏམ་ཁུ་ཉོ་བཙོང་འཐབ་ཆོགཔ་བཟོ་མི་ལུ་ སྐྱོན་བརྗོད་དང་ རྒྱབ་འགལ་འབད་རུང་ ཆ་འཇོག་གྲུབ་གནངམ་ད་ འཐུས་མི་གཅིག་གིས་མ་གཏོགས་ གཞན་ག་ར་གིས་ རྒྱབ་སྐྱོར་ཕུལ་ཡི།

གནམ་བྱཱར་གྱི་ ཚོགས་བཞུགས་ནང་ ཅ་དམ་གྱི་དཔྱད་ཡི་༢༠༢༡ ཅན་མ་ཡང་ ཆ་འཇོག་གྲུབ་སྟེ་ ཅ་དམ་གྱི་ཁྲལ་མར་ཕབ་དང་ རྒྱལ་ཁབ་གསུམ་པ་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་ལུ་ ཐད་ཀར་མིན་པའི་ཁྲལ་ འདྲ་མཉམ་སྦེ་ བརྒྱ་ཆ་༡༠ བཀལ་ནི་སྦེ་བཟོ་ཡི།

མ་གཞི་ གཞུང་གིས་ རྡོག་མ་ལུ་ ཅ་ཁྲལ་བརྒྱ་ཆ་༡༠ བཀལ་ནི་སྦེ་ གྲོས་འདེབས་ཕུལ་ཡོད་རུང་ བརྒྱ་ཆ་༥༠ སྦེ་རང་འཇགས་བཞག་ཡོད་པའི་ཁར་ ད་ལྟོ་ གློག་མེ་ར་བའི་ ནུས་ཤུགས་སྤྱོད་འཐུས་ བརྒྱ་ཆ་༡༠ རེ་ བཀལ་མི་དེ་ ཀླད་ཀོར་བཟོ་ཡོདཔ་ལས་ དེ་གིས་ སོ་ནམ་པ་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་པས།

ཅ་དམ་དཔྱད་ཡིག་ནང་ སྨན་གྱི་ཅ་ཆས་དང་ སོ་ནམ་དང་ ཤེས་རིག་དང་འབྲེལ་བའི་ ཐོན་སྐྱེད་༥༠༠ ལྷགཔ་ཅིག་ ཁྱབ་ཡོད་རུང་ སྣུམ་འཁོར་དང་ ཆང་ ཏམ་ཁུ་ གསེར་དངུལ་གྱི་ ཅ་དམ་གྱི་ ཁྲལ་ཚུ་ལུ་ བསྒྱུར་བཅོས་མེད་པར་ ཨ་རྟག་ག་ཨིནམ་སྦེ་ བཞག་ཡོདཔ་ཨིན་པས།

སྨན་སྦིས་-བཙན་མཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ མཉམ་སྡེབ་ཁག་འབགཔ་གི་ ལས་གཡོགཔ་ཚུ་ གཏན་འཇགས་ཁག་འབགཔ་ བཟོ་ནིའི་དོན་ལུ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་དོན་ཕུལ་ཡོདཔ་ད་ ད་རེས་ ལས་སྡེ་ཁག་ཚུ་ནང་ མཉམ་སྡེབ་ཁག་འབགཔ་༤,༦༢༢ དེ་ཅིག་ཡོདཔ་ཨིན་པས།

གནད་དོན་དེ་གི་སྐོར་ གྲོས་བསྡུར་འབདཝ་ད་ གཞུང་སྐྱོང་ཚོགས་པའི་ འཐུས་མི་ཚུ་གིས་ མཉམ་སྡེབ་དང་ གཏན་འཇགས་ཁག་འབགཔ་གི་བར་ན་ ཁྱད་པར་ཡོདཔ་ལས་ ངོས་ལེན་འབད་མ་བཏུབ་རུང་ ཆ་འཇོག་གི་དོན་ལུ་ ཚོགས་ཁང་ནང་ འཐུས་མི་༣༧ ཡོད་མི་ལས་༣ གྱིས་མ་གཏོགས་ གཞན་ག་ར་གིས་ རྒྱབ་སྣོན་ཕུལ་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ ད་ལྟོའི་ སོ་ནམ་ཞིང་ལམ་གྱི་ གནས་སྟངས་བརྟག་ཞིབ་འབད་ནི་དང་ གདོང་ལེན་དང་ འཁོར་ལམ་རྒྱུན་སྐྱོང་གི་ གནད་དོན་ཚུ་ ངོས་འཛིན་འབད་དེ་ ཞིང་ལམ་གྱི་ སྤུས་ཚད་བསྐྱར་ཞིབ་ སྙན་ཞུ་གུ་ གསུང་གྲོས་གནང་ཡི།

བསྐྱར་ཞིབ་ཚོགས་ཁང་གིས་ མི་མང་མཐུན་རྐྱེན་ཚུ་ ཡུན་བརྟན་དང་ ལེགས་ཤོམ་སྦེ་ ལག་ལེན་ཐོག་ལས་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ རང་སྲོག་བཅད་མི་དང་ སེམས་ཁམས་འཕྲོད་བསྟེན་གྱི་ བསྐྱར་ཞིབ་སྙན་ཞུ་གུ་ཡང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *