གནམ་ནུབ་མོ་ ནོར་འཛིན་ལམ་བདའ་སྟེ་ ཏམ་ཁུ་བཙོང་མི་ ཡར་སེང་འགྱོ་དོ་ཡོདཔ།

༉ ནུབ་མོའི་ཆུ་ཚོད་༡༠ འབྱིད་པའི་ཤུལ་ལས་ ཐིམ་ཕུག་ཁྲོམ་གྱི་ ནོར་འཛིན་ལམ་བདའ་སྟེ་ སྨད་གཡོགས་ཐུང་ཀུ་དང་ རྣམ་འགྱུར་གྱི་ཆས་མ་འདྲཝ་གྱོན་མི་ ན་གཞོན་བུམོ་ཚུ་གིས་ ཕད་ཅུང་ཆུང་ཀུ་རེ་ སེ་སྐོརམ་རྐྱབ་སྟེ་ སྣུམ་འཁོར་ཚུ་ བཀག་སར་མཐོངམ་ད་ ཕོ་སྐྱེས་ཚུ་གིས་ གཞང་བཙོངམ་ཨིན་པའི་ སྣང་བ་ཤར་ནིའི་ ཉེན་ཁ་འདུག།
ཨིན་རུང་ བུམོ་དེ་ཚུ་ གཞང་བཙོངམ་མེན་པར་ ཏམ་ཁུ་ནག་ཚོང་འཐབ་མི་ཨིནམ་ད་ ཁོང་གིས་ སྣུམ་འཁོར་ཚུ་འོངམ་ད་ བཀག་ཅི་ར་ རྡོག་མ་མི་ཉོ་ག་ཟེར་ སྐད་རྐྱབ་དོ་ཡོདཔ་བཞིན་དུ་ ཁོང་གི་ཚོང་འབྲེལ་དེ་ ནུབ་ཕྱེད་ལས་ འགོ་བཙུགསཔ་ཨིན་པས།
བུམོ་མང་ཤོས་ཅིག་གིས་ ཁ་ལས་ རྡོག་མ་མི་ཉོ་ག་ཟེར་ སླབ་དོ་ཡོད་རུང་ རེ་གཉིས་ཀྱིས་ སྣང་དག་ག་ནི་ཡང་མེད་པར་ ཨའུ་ཏམ་ཁུ་མི་ཉོ་ག་ཟེར་ སྐད་ཤུགས་སྦེ་རྐྱབ་སྟེ་ སྣུམ་འཁོར་ཚུ་བཀག་ཅི་ར་ ཏམ་ཁུ་བཙོང་སར་ མཐོངམ་ཨིན་པས།
ནུབ་མོའི་ སྤྲོ་སྟོན་ལས་རིམ་ནང་འགྱོ་མི་དང་ ཏམ་ཁུ་འཐུང་མི་ཚུ་ལུ་ ནག་ཚོང་དེ་ ཡོངས་གྲགས་ཡོད་པའི་ཁར་ ཏམ་ཁུ་ཉོ་མི་ཚུ་གིས་འབད་རུང་ ས་ཁོངས་དེ་ནང་ལྷོདཔ་ཅིག་ སྣུམ་འཁོར་གྱི་ བརྡ་སྐད་རྐྱབ་ཨིན་པས།
ཐིམ་ཕུག་ལུ་ གླ་འཁོར་དེད་གཡོགཔ་ ཁྱུང་འདུད་ཀྱིས་ སླབ་མིའི་ནང་ ཏམ་ཁུ་དེ་ ཧེ་མ་བཟུམ་སྦེ་ ཚོང་ཁང་ནང་ འགྱོ་མ་དགོ་པར་ རང་དགོཔ་ཅིག་ དུས་ཚོད་དེ་ཅིག་ཁར་ ནོར་འཛིན་ལམ་བདའ་འགྱོཝ་ད་ ཀྲིག་ཀྲི་སྦེ་ འབག་འོང་ནི་ཡོད་ཟེར་ ཨིན་པས།
ཁོ་གིས་བཤད་མིའི་ནང་ བུམོ་ཆུང་ཀུ་ཚུ་གིས་ ཏམ་ཁུ་དང་ རྡོག་མ་ཚུ་ ག་གིས་ཉོ་འོང་ག་ ཤེས་ཚུགས་ནི་དེ་གིས་ སྣུམ་འཁོར་ཚུ་ཡང་ ག་ལྷོད་བཀག་ནི་མེན་པར་ ལྟ་ཡི་ལྟ་ཡི་ར་ བཀག་ནི་འདུག་ཟེར་ ཨིན་པས།
ཁོ་བཟུམ་སྦེ་ ཏམ་ཁུ་སྤྱོད་མི་ གླ་འཁོར་དེད་གཡོགཔ་དང་ ཆ་རོགས་གཞན་ཚུ་གིས་ ནུབ་མོ་ ས་ཁོངས་དེ་ནང་ལས་ ཏམ་ཁུ་ཉོ་འབག་ནི་ཡོད་ཟེར་ སླབ་པའི་ཁར་ ཏམ་ཁུ་ཤོག་སྒམ་རེ་ལུ་ དངུལ་ཀྲམ་༡༥༠ དང་༡༨༠ གི་བར་ན་སྦེ་ ཉོཝ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༦༠ ལང་མི་ གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ ནོར་འཛིན་ལམ་བདའ་སྟེ་ ཏམ་ཁུ་དང་ རྡོག་མ་བཙོང་མི་དེ་ ལོ་དག་པ་ཅིག་གི་ཧེ་མ་ལས་ ཐོན་ཡི་ཟེར་ཨིནམ་ད་ ད་རེས་ནངས་པར་ ཏམ་ཁུ་བཙོང་མི་བུམོ་༡༤ དེ་ཅིག་ འདུག་ཟེར་ཨིནམ་ད་ དེད་གཡོགཔ་ཁོ་ར་ ཏམ་ཁུ་འཐུང་ནི་མེད་རུང་ ནུབ་མོ་ཁྲོམ་ཁར་ལས་ཕར་ མི་འཚོལ་འགྱོཝ་ད་ བཀག་ནི་འདུག་ཟེར་ཨིན་པས།
བུམོ་སྡེ་ཚན་དེ་གིས་ ཚོང་འབྲེལ་དེ་ཡང་ ནུབ་མོའི་ཆུ་ཚོད་༡༠ འབྱིད་པའི་ཤུལ་ལས་ ཁྲོམ་ཁར་འགྲོ་འགྲུལ་འབད་མི་དང་ བཤལ་འཁྱམས་རྐྱབ་མི་ སྤྲོ་སྟོན་ཁང་ནང་འགྱོ་མི་ཚུ་ལུ་ བཀག་དམ་ཅན་གྱི་སྨྱོ་རྫས་ ཏམ་ཁུ་དེ་ བཙོང་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ལས་ དེ་བཟུམ་མའི་ ཏམ་ཁུ་བཙོང་མི་ མང་སུ་འཐོན་ནི་ འགོ་བཙུགས་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་གིས་ གནས་སྟངས་དེ་ལུ་ ད་ལྟོ་ལས་ བཀག་ཐབས་མ་འབད་བ་ཅིན་ འགྲོས་ཀྱིས་སྦེ་ ཚབས་ཆེན་ཅིག་ལུ་ འགྱུར་ནིའི་ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
དེ་གི་ནང་ལས་ཡང་ ཚོང་སྒྱུར་འཐབ་མི་ཚུ་ མང་ཤོས་ར་ ན་གཞོན་ཚུ་ཡོདཔ་ལས་ ཁྲིམས་དང་འགལ་བ་འབད་དེ་ འཛིན་བཟུང་འབད་བ་ཅིན་ ན་གཞོན་གྱི་མི་ཚེ་ལུ་ ཕོ་ཐོག་ནི་ཨིནམ་མ་ཚད་ ན་གཞོན་ཚུ་གི་མི་ཚེ་ མེདཔ་ཐལ་ནི་མས་ཟེར་ གནད་དོན་དེའི་སྐོར་ལས་ ཤེས་མི་ཚུ་གིས་ སླབ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ལས་རིམ་གཙོ་འཛིན་འོགམ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ནོར་འཛིན་ལམ་བདའ་སྟེ་ དེ་སྦེ་ ཏམ་ཁུ་བཙོང་བའི་སྐོར་ལས་ ད་ཚུན་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ ཁོང་གིས་ ལྟ་རྟོག་འབད་འོང་ཟེར་ཨིན་པས།
དབང་འཛིན་གྱིས་ འཕྲལ་འཕྲལ་སྦེ་ར་ ཞིབ་དཔྱད་འབད་དོ་ཡོདཔ་བཞིན་དུ་ བདའ་ཟུན་པ་ཅིན་ ཉེས་ཁྲིམས་བཀལ་ནི་ཡོད་རུང་ མི་སྟོབས་ཚད་ཅིག་ལས་བརྒལ་མེད་ནི་དེ་གིས་ དུས་རྒྱུན་དུ་ ལྟ་རྟོག་འབད་མི་ཚུགས་པས་ཟེར་ ཨིན་པས།
བཅའ་ཁྲིམས་དང་འཁྲིལཝ་ད་ མི་མང་འཛོམས་ས་དང་ ཁྲོམ་ཁར་ལས་ཕར་ ཏམ་ཁུ་འཐུང་མ་ཆོགཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *