༉ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ མཁའ་འགྲུལཔ་ལེ་ཤ་མཐོང་ཚུགས་མི་དེ་ཡང་ ཕྱིའི་ལྟ་བཤལཔ་མེན་པར་ ཕྱི་རྒྱལ་ལུ་འགྱོ་མི་དང་ རྒྱལ་ཁབ་གཞན་ཁ་ལས་ ངལ་གསོ་ནང་འོང་མི་ འབྲུག་མི་ཚུ་ཨིན་པས།
གནམ་གྲུ་ཚུ་ནང་ འགྲུལ་པ་གང་ཡོདཔ་བཟུམ་སྦེ་ མཐོང་དོ་ཡོད་རུང་ གནམ་གྲུ་ཆགས་པའི་སྐབས་ མི་འཐོན་སའི་ས་ཁོངས་ནང་ སྟོངམ་སྦེ་མཐོང་དོ་ཡོདཔ་བཞིན་དུ་ གནམ་གྲུ་ཚུ་ནང་ འགྲུལ་པ་ཕྱེད་ཀ་ལས་བརྒལ་ མི་འོང་པས་ཟེར་ མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་ལྟོ་ ལྟ་བཤལཔ་འོང་ནིའི་དུས་ཚོད་མེན་རུང་ ལྟ་བཤལ་དང་འབྲེལ་བ་འཐབ་མི་ཚུ་གིས་འབད་བ་ཅིན་ ནད་ཡམས་མ་འཐོན་པའི་ཧེ་མ་དང་ ལྟ་བཤལ་སྲིད་བྱུས་གསརཔ་མ་བཟོ་བའི་ཧེ་མར་ ལྟ་བཤལཔ་མང་སུ་སྦེ་ར་ འོང་ཡི་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༢ ཀྱི་ཟླ་༩ པ་ཚུན་ ཕྱིའི་འགྲུལ་པ་བརྒྱ་ཆ་༡༠ ལས་༡༥ ཚུན་འོང་ནི་ཡོད་ཟེར་ཨིནམ་ད་ སྤྱི་ཟླ་༡༠ དང་༡༡ པའི་ནང་ བརྒྱ་ཆ་༥༠ ཡར་སེང་སོང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ནད་ཡམས་མ་ཐོན་པའི་ཧེ་མར་ ལྟ་བཤལཔ་འོང་མི་ཚུ་དང་ཕྱདཔ་ད་ ད་རེ་ ཉུང་སུ་ཅིག་ཨིན་ཟེར་ཨིན་པས།
ལྟ་བཤལ་ལས་ཁུངས་དང་འཁྲིལ་བ་ཅིན་ ནད་ཡམས་མ་ཐོན་པའི་ཧེ་མར་ སྤྱི་ལོ་༢༠༡༩ འི་ཟླ་༡ ལས་ སྤྱི་ལོ་༢༠༢༠ འི་ཟླ་༢ པ་ཚུན་ ལྟ་བཤལཔ་༣༤༡,༢༩༢ འོང་ནུག་ཟེར་ཨིནམ་ད་ དེ་གི་གྲས་ལས་ རྒྱལ་སྤྱིའི་ལྟ་བཤལཔ་༧༧,༤༨༨ དང་ ལུང་ཕྱོགས་ཀྱི་ལྟ་བཤལཔ་༢༦༣,༨༠༤ འོང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༢༢ ཀྱི་ཟླ་༡༡ པ་ལས་ སྤྱི་ལོ་༢༠༢༣ གྱི་ཟླ་༡ པའི་ནང་ ལྟ་བཤལ་པ་༡༣,༢༩༣ འོང་ཡོདཔ་ད་ དེ་གི་ནང་ལས་ རྒྱལ་སྤྱིའི་ལྟ་བཤལཔ་༥,༡༩༡ དང་ རྒྱ་གར་ལས་ ལྟ་བཤལཔ་༨,༡༠༢ འོང་ཡོདཔ་བཞིན་དུ་ ས་མཚམས་སྒོ་ཕྱེ་བའི་ཤུལ་ལས་ ལྟ་བཤལཔ་ཡོངས་བསྡོམས་༢༢,༥༤༡ འོང་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནད་ཡམས་ལུ་བརྟེན་ ལྟ་བཤལཔ་མར་བབས་སོང་ཡི་ཟེར་ཨིནམ་ད་ ཡུན་བརྟན་གོང་འཕེལ་གྱི་འཐུས་དང་ གཞན་མི་འཐུས་ཚུ་ ཡར་སེང་འབད་བའི་ཤུལ་ལས་ ལྟ་བཤལཔ་མར་བབས་སོང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ལྟ་བཤལཔ་མར་བབས་སོང་བའི་གནད་དོན་ གཞན་ཡང་འདུག་ཟེར་ཨིནམ་ད་ དང་པ་ ནད་ཡམས་ལུ་བརྟེན་ཨིན་པའི་ཁར་ ལྟ་བཤལ་གྱི་ སྲིད་བྱུས་ཐབས་ལམ་དང་ ས་མཚམས་སྒོ་ཕྱེ་ནིའི་ གསལ་བསྒྲགས་འབད་ནི་ ཕྱིས་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ལས་ཁུངས་དང་འཁྲིལ་བ་ཅིན་ འབྲུག་ལུ་འོང་ནིའི་དོན་ལས་ ཟླཝ་༦ ལྷགཔ་ཅིག་ འགོར་ནི་ཡོད་ཟེར་ཨིནམ་ད་ ལྟ་བཤལཔ་ཚུ་གིས་ འབྲུག་གི་ས་མཚམས་ ལོག་སྒོ་ཕྱེ་ཡི་ཟེར་ ཤེས་ཚུགས་ནི་དང་ ལྟ་བཤལ་གྱི་སྲིད་བྱུས་གསརཔ་ ཧ་གོ་ནི་དོན་ལུ་ དུས་ཚོད་འགོར་འོང་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ལྟ་བཤལ་འོང་ནི་དུས་ཚོད་དེ་ ཚར་༢ ལས་བརྒལ་མེདཔ་ད་ གནམ་དགུན་དེ་ ལྟ་བཤལཔ་འོང་ནིའི་དུས་ཚོད་མེན་ཟེར་ཨིནམ་ད་ ལས་ཁུངས་ཀྱིས་ ལོ་༡ ར་ ལྟ་བཤལཔ་འོང་ས་སྦེ་ བཟོ་ནིའི་དོན་ལུ་ ལཱ་འབད་དོ་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལྟ་བཤལ་གྱི་སྲིད་བྱུས་ཐབས་ལམ་དང་ ས་མཚམས་སྒོ་ཕྱེས་ཡོད་པའི་སྐོར་ལས་ གོ་བ་སྤེལ་དོ་ཟེར་ཨིནམ་ད་ མི་མང་ཤོས་ཀྱིས་ མི་ཤེས་པས་ཟེར་ཨིན་པས།
ལས་ཁུངས་ཀྱི་ཁ་ཐུག་ལས་ ཚོང་འབྲེལ་གྱི་ འཆར་གཞིའི་སྐོར་ལས་ ལཱ་འབད་དོ་ཟེར་ཨིནམ་ད་ རྒྱ་གར་ལས་འོང་མི་ ལྟ་བཤལ་ཚུ་གི་དོན་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ མཐོ་སུ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་རུང་ ལྟ་ལས་སྡེ་ཚུ་གིས་ མ་བཏུབ་མེད་པའི་སྐོར་ལས་ བཤདཔ་མས་ཟེར་ཨིན་པས།
ལས་ཁུངས་དང་འཁྲིལ་བ་ཅིན་ ལྟ་བཤལཔ་མ་འོང་པའི་གནད་དོན་དེ་ མཱལ་དིབསི་དང་ བང་ལ་དེཤི་ལས་འོང་མི་དེ་ རྒྱལ་སྤྱིའི་ལྟ་བཤལཔ་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ ཤུལ་མའི་ཟླཝ་ནང་ལས་ ལུང་ཕྱོགས་ཀྱི་ལྟ་བཤལ་པ་སྦེ་ བརྩི་འཇོག་འབད་འོང་ཟེར་ཨིན་པས།
རྒྱལ་སྤྱིའི་ལྟ་བཤལ་དང་འབྲེལ་བ་འཐབ་མི་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ག་ཏེ་ལུ་གཏང་དོ་ག་དང་ གནད་དོན་ཚུ་ ཧ་གོ་བའི་ཤུལ་ལས་ ཁོང་གིས་ རྒྱབ་སྐྱོར་འབད་དོ་ཟེར་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལྟ་བཤལཔ་འོང་བཅུག་ནིའི་ཐབས་ལམ།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ རང་སོའི་ བཟའ་ཚང་འཁྱིད་འོང་སའི་ ས་ཁོངས་ཅིག་སྦེ་ བཟོ་ནིའི་དོན་ལུ་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ མ་ཕོགཔ་སྦེ་བཟོ་ཞིནམ་ལས་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ ལྟ་བཤལཔ་མངམ་སྦེ་ རྒྱལ་ཁབ་ནང་ སྡོད་བཅུག་ནིའི་དོན་ལུ་ གྲོས་བསྟུན་ཚུ་འབད་ཡོདཔ་བཞིན་དུ་ དེ་གིས་ ཡུན་རིངམོ་སྦེ་ སྡོད་པར་འོང་མི་ ལྟ་བཤལཔ་ཚུ་ལུ་ ཕན་ཐོགས་ནི་ཨིན་པས།
ཡུན་བརྟན་གྱི་ འཐུས་སྤྲོད་དེ་འོང་མི་ ལྟ་བཤལཔ་ཚུ་ལུ་ ལྷ་ཁང་དང་ མཆོད་རྟེན་ལ་སོགས་པ་ཚུ་ མཇལ་བར་འགྱོ་བའི་སྐབས་ འཐུས་མེདཔ་སྦེ་བཟོ་བ་ཅིན་ ལྟ་བཤལཔ་ལུ་ ཕན་ཁྱད་འབྱུང་ནི་མས་ཟེར་ཨིན་པས།
ཡུན་བརྟན་གྱི་འཐུས་ལེན་མི་དང་བསྟུན་ ཞབས་ཏོག་ལེགས་ཤོམ་སྤྲོད་ཐབས་ལུ་ ལྟ་བཤལ་ལས་ཁུངས་ཀྱིས་ འབྲེལ་ཡོད་ཡིག་ཚང་དང་གཅིག་ཁར་ ལཱ་ཚུ་འབད་ཡོདཔ་ད་ དེ་ཡང་ ནད་ཡམས་ཀྱི་སྐབས་ལུ་ ལྷ་ཁང་དགོན་སྡེ་ཚུ་ནང་འགྱོ་སའི་ རྐང་ལམ་ལ་སོགས་པ་ཚུ་ ཉམས་བཅོས་འབད་ཡི་ཟེར་ཨིན་པས།
ལྟ་བཤལཔ་ཚུ་གིས་ ཞབས་ཏོག་ལེགས་ཤོམ་འཐོབ་ཚུགས་ནི་དང་ སྤྲོ་བ་འབྱུང་ཐབས་ལུ་ ལྟ་བཤལ་དང་འབྲེལ་བའི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་ཨིནམ་ལས་ དེའི་དོན་ལུ་ ལཱ་ཚུ་འབད་བཞིན་དུ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལྟ་བཤལཔ་ཚུ་གིས་ ཁ་བཏང་མི་དེ་ཡང་ གཙོ་བོ་ར་ དངུལ་ཚད་ཅིག་ལས་བརྒལ་ ངོས་ལེན་མེད་མི་དང་ སྤྱང་ཁྱི་ དེ་ལས་ ཕྱགས་སྙིགས་ཀྱི་དཀའ་ངལ་ཚུ་ལུ་བརྟེན་ཨིནམ་ད་ ད་ལས་ཕར་ ལྟ་བཤལཔ་ཚུ་ ཨ་རྟག་ཧར་ལུགས་སྦེ་ར་ འོང་བའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།