སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ལས་ འཕུར་འགྲུལ་འབད་མི་ བཀྲིས་མཁའ་འགྲུལ་དང་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ གནམ་གྲུ།

གནམ་གྲུའི་འཕུར་འགྲུལ་བརྒྱ་ཆ་༨༧ མར་བབས་སོང་མི་ལུ་བརྟེན་ དངུལ་ཀྲམ་ཐེར་འབུམ་ལས་བཅད་དེ་ གྱོང་རྒུད་ཕོག་ཡོདཔ།

༉ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་ལུ་ ནད་ཡམས་ཀྱི་དུས་ཚོད་ནང་ མཁའ་འགྲུལ་དེ་ གོང་འཕེལ་ལཱ་གི་དོན་ལུ་དང་ འབྲུག་མི་ཕྱིའི་རྒྱལ་ཁབ་ཚུ་ནང་ ཐོགས་ལུས་མི་ཚུ་ ལོག་ལེན་ནི་ དེ་ལས་ སྨན་ཁབ་དང་གསོ་བའི་མཁོ་ཆས་ལ་སོགས་པ་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།

ཨིན་རུང་ ནད་ཡམས་ལུ་བརྟེན་ འཕུར་འགྲུལ་མར་བབས་འགྱོ་མི་དང་ ཚད་འཛིན་གྱི་ཐབས་ལམ་ཚུ་ བཏོན་མི་དེ་གིས་ མཁའ་འགྲུལ་ལས་སྡེ་ ཡུན་བརྟན་བཞག་ནི་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།

ན་ཧིང་གི་ལོ་ནང་ ཀོ་བིཌ་-༡༩ གིས་ ལས་སྡེ་ལུ་ འབྱེམ་སྦོམ་ཕོག་ཡོདཔ་ལས་ འབྲུག་པའི་མཁའ་འགྲུལ་ལས་སྡེ་༢ ཆ་ར་ལུ་ འཕུར་འགྲུལ་གྱངས་ཁ་དེ་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ བརྒྱ་ཆ་༨༧ མར་བབས་སོང་ཡོདཔ་ཨིན་པས།

འགྲུལ་པ་གི་གྱངས་ཁ་དེ་ འབྲུག་ལུ་རྐྱངམ་གཅིག་མེན་པར་ རྒྱལ་སྤྱིའི་མཁའ་འགྲུལ་ལས་སྡེ་དང་འཁྲིལཝ་ད་ རྒྱལ་སྤྱི་ནང་ཡང་ བརྒྱ་ཆ་༦༠ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ བརྡ་དོན་དང་སྐྱེལ་འདྲེན་གྱི་ སྤྱི་ལོ་༢༠༢༡ ལོའི་ གནས་སྡུད་དང་འཁྲིལཝ་ད་ འབྲུག་ མཁའ་འགྲུལ་དང་ བཀྲིས་མཁའ་འགྲུལ་༢ བསྡོམས་ཏེ་ སྤྱི་ལོ་༢༠༢༠ ལུ་ རྒྱལ་སྤྱིའི་འགྲུལ་ལམ་ལས་ བཙུགས་མི་མ་བརྩིས་བར་ འགྲུལ་པ་༤༩,༢༡༢ སྐྱེལ་འདྲེན་འབད་ནུག་ཟེར་ཨིན་པས།

རྒྱལ་སྤྱིའི་འཕུར་འགྲུལ་གྱི་གྱངས་ཁ་དེ་ཡང་ སྤྱི་ལོ་༢༠༡༩ ལུ་༣༦༨,༠༢༣ ལས་ སྤྱི་ལོ་༢༠༢༠ ལུ་༤༩,༢༡༢ ལུ་ མར་བབས་ སོང་ནུག་ཟེར་ཨིནམ་ད་ རྒྱལ་སྤྱིའི་འགྲུལ་ལམ་ལས་ སྐྱེལ་འདྲེན་འབད་མིའི་གྱངས་ཁ་དེ་ཡང་ སྤྱི་ལོ་༢༠༡༩ ལུ་༥,༡༠༨ ལས་ ན་ཧིང་ལོ་ནང་༡,༢༤༩ ལུ་ མར་བབས་སོང་ཡོདཔ་ཨིན་པས།

ཨིན་རུང་ མཁའ་འགྲུལ་ལས་སྡེ་གིས་ ནད་ཡམས་ལུ་བརྟེན་ བཀག་འཛིན་འབད་བའི་དུས་ཚོད་ནང་ དོ་སྐྱེལ་འདྲེན་འབད་ནི་ལུ་ ཤུགས་བཏོན་ཡོདཔ་ལས་ ན་ཧིང་གི་ལོ་ནང་ འཕུར་འགྲུལ་༡༠༡,༧༧༥ འབད་ཡོདཔ་ཨིན་པས།

ནང་འཁོད་འཕུར་འགྲུལ་གྱི་ འགྲུལ་པ་གི་གྱངས་ཁ་དེ་ཡང་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༩ ལོ་དང་ཕྱདཔ་ད་ ན་ཧིང་ བརྒྱ་ཆ་༥༩ མར་བབས་སོང་ནུག།

ནང་འཁོད་ཀྱི་དོན་ལུ་ ན་ཧིང་ལོ་ནང་ འགྲུལ་པ་༦,༥༠༩ རྐྱངམ་གཅིག་གིས་ ཞབས་ཏོག་སྤྱོད་ཡོདཔ་ད་ ད་རེས་ ནང་འཁོད་དོན་ལུ་ ཞབས་ཏོག་བྱིན་མི་ འབྲུག་མཁའ་འགྲུལ་རྐྱངམ་གཅིག་ཨིནམ་ད་ ཞབས་ཏོག་དེ་ཡང་ དུས་ཅི་ལོ་ནང་ བུམ་ཐང་དང་ཡོན་ཕུག་ལའི་བར་ན་ འཕུར་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ལས་སྡེ་གི་འོང་འབབ་དེ་ ནད་ཡམས་ལུ་བརྟེན་ ཐོ་ཕོག་ཡོདཔ་ལས་ འབྲུག་རྒྱུ་ནོར་གཞི་བཟུང་འོག་གི་ ལས་སྡེའི་གྲས་ལས་ ལས་སྡེ་དེ་ལུ་ ཐོ་སྦོམ་ཕོག་སྟེ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ འགྲུལ་པ་༢༤༩,༤༧༤ ལས་ ན་ཧིང་གི་ལོ་ནང་༣༩,༨༧༠ ལུ་ མར་བབས་སོང་མི་དེ་གིས་ ལས་སྡེ་ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༨༡༤.༤༩ རྒུད་ཕོག་ཡི་ཟེར་ཨིནམ་ད་ ལས་སྡེ་གིས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༥.༧ ཚོད་རྩིས་བཏོན་ཡོད་རུང་ དངུལ་ཀྲམ་ཐེར་འབུམ་༡.༤ ལས་ བཟོ་མ་ཚུགསཔ་ཨིན་པས།

དེ་བཟུམ་སྦེ་ བཀྲིས་མཁའ་འགྲུལ་ཡང་ ནད་ཡམས་ལུ་བརྟེན་ དངུལ་ཁང་ཚུ་ལུ་ བུ་ལོན་བཏབ་དགོཔ་བྱུང་ཡོད་པའི་ཁར་ འགྲུལ་པ་ཚུ་ལུ་ ལོ་ཏི་རུ་ལོག་སྤྲོད་དགོཔ་བྱུང་ཡོདཔ་ཨིན་པས།

ལས་སྡེའི་བཀོད་ཁྱབ་འགོ་དཔོན་ ཕ་ལ་རྡོ་རྗེ་གིས་ བཤད་མིའི་ནང་ འཕུར་འགྲུལ་ག་ར་ མཚམས་འཇོག་འབད་ཡོདཔ་ལས་ ལས་སྡེ་གིས་ གཙོ་བོ་ར་ དངུལ་ཁང་ཚུ་ལས་ ཏི་རུ་བསྐྱི་ནི་དང་ ཇོ་བདག་གི་ མ་དངུལ་ལུ་བརྟེན་སྡོད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་མི་ལོག་འོང་མི་ཚུ་ ལེན་ནིའི་དོན་ལུ་ཕུར་འགྲུལ་འབད་ཡོདཔ་མ་གཏོགས་ སྤྱི་ཟླ་༣ པའི་ཚེས་༦ ལས་འགོ་བཙུགས་ འཕུར་འགྲུལ་མ་འབད་ཟེར་ཨིན་པས།

ལས་སྡེའི་སྙན་ཞུ་དང་འཁྲིལཝ་ད་ འགྲུལ་པ་གི་གྱངས་ཁ་དེ་ བརྒྱ་ཆ་༩༠ དེ་ཅིག་གིས་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ འགྲུལ་པ་༡༤༥,༠༠༠ ཚོད་དཔག་འབད་ཡོད་རུང་༡༤,༠༠༠ ལས་ ཐོབ་མ་ཚུགས་པས།

འོང་འབབ་ཀྱི་ཐད་ དངུལ་ཀྲམ་ཐེར་འབུམ་༢.༤ བཟོ་ནིའི་ དམིགས་གཏད་བསྐྱེད་མི་ལས་ དངུལ་ཀྲམ་ས་ཡ་༡༣༥ ལས་ བཟོ་མ་ཚུགས་པའི་ཁར་ འཕུར་འགྲུལ་གྱི་གྱངས་ཁ་ མར་བབས་སོང་རུང་ ལས་སྡེ་གཉིས་ཆ་ར་གིས་ གནམ་གྲུའི་ཉམས་བཅོས་ཀྱི་ལཱ་ཚུ་ འབད་དགོ་ནི་དེ་གིས་ ཟད་འགྲོ་སྦོམ་གཏང་དགོཔ་ཐོན་ཡོདཔ་ད་ ལས་སྡེ་གིས་ གླ་ཁར་ལེན་མི་ གནམ་གྲུ་གཉིས་ཆ་རའི་གླ་འཐུས་ སྤྲོད་བཞིན་དུ་ཡོདཔ་ཨིན་པས།

ཐབས་ལམ།

ལས་སྡེ་ཚུ་གིས་ ཁས་བླངས་ཐོག་ལས་ དངུལ་ཕོགས་མར་ཕབ་རྐྱབ་སྟེ་ ལེན་མིའི་ཐོག་ཁར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ ས་ ཁོངས་འཛིན་སྐྱོང་འགོ་དཔོན་ཚུ་ག་ར་ ལོག་འབོ་ཡོདཔ་ཨིན་པས།

རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ ཐབས་ལམ་དེ་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༥.༨ གསོག་ འཇོག་འབད་ཚུགས་ནི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།

དེ་ལས་ ཕྱིའི་དེད་དཔོན་ ལཱ་གཡོག་ནང་ལས་ བཏང་མི་དེ་གིས་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ས་ཡ་༨.༡༡ གསོག་འཇོག་འབད་ཚུགས་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ཐོབ་ལམ་ལ་ལོ་ཅིག་ བཤོལ་བཞག་ཡོདཔ་ད་ ངལ་གསོ་བཙོང་སྟེ་ ཏི་རུ་ལེན་མི་དེ་ཡང་ ཕར་འགྱངས་འབད་ཡོདཔ་ཨིན་པས།

ལས་སྡེ་གིས་ དངུལ་ཕོགས་མེད་པར་ ངལ་གསོ་ལེན་མི་ཚུ་ལུ་ འཐུས་ཚུ་སྤྲོད་ཡོདཔ་ད་ བར་ན་ལས་ འབྲུག་རྒྱལ་པོའི་ རྒུད་ གསོའི་སྐྱིད་སྡུག་ལས་རིམ་དེ་གིས་ ལས་སྡེ་གི་ཟད་འགྲོ་ལས་ དངུལ་ཀྲམ་ས་ཡ་༡༣༤ ཁེ་ཕན་བྱུང་ཡི་ཟེར་ཨིན་པས།

ལོ་༡ ལྷགཔ་ཅིག་གི་རིང་ ཚོང་འབྲེལ་མེདཔ་ལས་ བཀྲིས་མཁའ་འགྲུལ་ལས་སྡེ་གིས་ ལས་བྱེདཔ་ལ་ལོ་ཅིག་ དངུལ་ཕོགས་ མེད་པར་བཏང་ཡོདཔ་ད་ ལྷག་ལུས་ཚུ་ལུ་ དངུལ་ཕོགས་ཕྱེད་ཀ་སྤྲོད་དེ་ ཡོདཔ་ཨིན་པས།

ཕ་ལ་རྡོ་རྗེ་གིས་ སླབ་མིའི་ནང་ ལས་བྱེདཔ་བཏང་མི་ཚུ་ལུ་ ལས་སྡེ་གིས་ ལས་སྡེ་གཞན་ནང་ འཛུལ་ནིའི་གོ་སྐབས་སྤྲོད་ཡོད་རུང་ ལ་ལོ་ཅིག་གིས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལས་སྡེ་གིས་ རྒྱུན་སྐྱོང་དོན་ལུ་ ཏི་རུ་བསྐྱི་མི་མ་དངུལ་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ཕྱེད་ཀ་དེ་ཅིག་ འབྲུག་རྒྱལ་པོའི་རྒུད་གསོའི་མ་དངུལ་ཐོག་ལས་ བཏང་ཚུགས་ནི་དེ་གིས་ དགའ་ཚོར་སྦོམ་ཡོད་ཟེར་ཨིནམ་ད་ དངུལ་ཁང་ཚུ་གིས་ཡང་ བསྐྱེད་ཆ་༥༠ ཕབ་ཆག་ཐོག་ལས་ སྐྱིན་འགྲུལ་བྱིན་མི་ལུ་ཡང་ དགའ་ཚོར་ཡོད་ཟེར་བཤད་ཅི།

ཉེན་སྲུང་ཐབས་ལམ།

འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་འགོ་དཔོན་དང་འཁྲིལཝ་ད་ ད་ལྟོ་ ཀོ་བིཌ་-༡༩ མཐོ་ཤོས་ཡོད་མི་ རྒྱལ་ཁབ་ཚུ་ནང་ལས་ འབྲུག་མི་ཚུ་ ལོག་ལེན་ནི་དང་འབྲེལ་བའི་ འཕུར་འགྲུལ་ཚུ་འབད་དོ་ཟེར་ཨིནམ་ད་ འཕུར་འགྲུལ་འབད་ཚརཝ་ད་ ཉེན་སྲུང་གི་ ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིན་པས།

བཀོད་ཁྱབ་འགོ་དཔོན་༢ དང་འཁྲིལཝ་ད་ འཕུར་འགྲུལ་སྐབས་ གནམ་གྲུ་ནང་ ལཱ་འབད་མི་ཚུ་ག་ར་ ལག་ཤུབས་དང་ ལྷམ་ ཤུབས་ ཉེན་སྲུང་གྱོན་ཆས་ཁ་རས་ སྐྱ་རས་ དེ་ལས་ མིག་ཏོ་གི་ཉེན་སྲུང་ཅ་ཆས་ཚུ་ གྱོན་ནི་ཡོད་ཟེར་ཨིན་པས།

འགྲུལ་པ་ཚུ་ལུ་ཡང་ ལག་ཤུབས་དང་ ཁ་རས་ཚུ་ ལག་ལེན་འཐབ་བཅུག་དོ་ཡོདཔ་ད་ དེ་གི་དོན་ལུ་ ལས་སྡེ་༢ ཀྱིས་ སྡེ་ ཚན་བཟོ་ཡོད་མི་ ལས་བྱེདཔ་ཚུ་རྐྱངམ་གཅིག་ བདུན་ཕྲག་༢ ཀྱི་རིང་ ལཱ་འབད་བཅུག་དོ་ཡོདཔ་ཨིན་པས།

རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ འཕུར་འགྲུལ་ནང་ཡོད་མི་ ལས་བྱེདཔ་ཚུ་ག་ར་ ལས་སྡེ་གིས་ ཟད་འགྲོ་བཏང་ཐོག་ལས་ ཟུར་བཞག་ནང་ བཞགཔ་ཨིན་ཟེར་བཤད་ཅི།

ཚོང་འབྲེལ་ཡར་འཐོན་གྱི་འཆར་གཞི།

འབྲུག་མཁའ་འགྲུལ་ལས་སྡེ་གིས་ ཡུན་བརྟན་གྱི་དོན་ལུ་ ཡར་འཐོན་གྱི་འཆར་གཞི་ཚུ་ འབྲུག་རྒྱུ་ནོར་གཞི་བཟུང་དང་ མཉམ་ འབྲེལ་ཐོག་ལས་ འབད་ནིའི་དོན་ལུ་ ཞིབ་འཚོལ་ཚུ་འབད་དོ་ཡོདཔ་ད་ བཀྲིས་མཁའ་འགྲུལ་ལས་སྡེའི་གྲོས་སྟོན་པ་ བཙན་ སྐྱོགས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ རྒུད་ཕོག་སྟེ་ཡོདཔ་ལས་ ད་ལས་ཕར་ ནད་ཡམས་བཀག་ཐབས་འབདཝ་དང་འབྲེལ་ ཚོང་འབྲེལ་ཡང་ ལོག་འགོ་བཙུགས་ཏེ་ དཔལ་འབྱོར་ཡར་འཐོན་འབད་ནི་ལུ་ ལྷན་ཐབས་འབད་དགོ་ཟེར་ ཨིན་པས།

ཁོ་གིས་སླབ་མིའི་ནང་ གནམ་གྲུའི་འཕུར་འགྲུལ་ ནམ་ལས་སྒོ་ཕྱེ་འོང་ག་ གཏན་འཁེལ་མེདཔ་ལས་ མ་འོངས་པའི་ འཆར་གཞི་ཚུ་བཟོ་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།

ལས་སྡེའི་བརྩོན་ཤུགས་དེ་ གཞུང་གི་ལམ་སྟོན་དང་ རྒྱལ་སྤྱིའི་སྒྲིག་གཞི་ཚུ་དང་འཁྲིལ་ འགྱོ་ནི་མས་ཟེར་ཨིནམ་ད་ གདོང་ལེན་སྦོམ་ཤོས་དེ་ ནམ་ལས་ འཕུར་འགྲུལ་འགོ་བཙུགས་ནི་ཨིན་ན་ སླབ་མ་ཤེས་མི་དེ་ཨིན་ཟེར་ ཁོ་གིས་བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *