གཞུང་གིས་མཁོ་སྒྲུབ་འབད་མི་ གནམ་གྲུ་ཅིག།

གནམ་གྲུ་ཧེ་ལི་ཀོབ་ཊར་ མེདཔ་ཐལ་ཐལཝ་མེན་པར་ རྒྱུན་སྐྱོང་འབད་དོ་ཡོདཔ།

༉ གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དོགས་སེལ་ཞུ་མི་དང་འཁྲིལཝ་ད་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཨེ་༥- འབད་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༡༡ ལས་ཚུར་ དུས་རྒྱུན་གྱི་ རྒྱུན་སྐྱོང་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཚོགས་པ་ལས་ དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ དྲི་བཀོད་ལས་རིམ་སྐབས་གཞུང་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་མི་དེ་ གཞུང་གི་གྲུབ་འབྲས་སྦོམ་ཤོས་ཅིག་ཨིནམ་སྦེ་ སླབ་ཨིན་རུང་ གནམ་གྲུ་ལུ་ རྒྱུན་སྐྱོང་ཟད་འགྲོ་སྦོམ་བཏང་དགོཔ་ཐོན་ཡོདཔ་ལས་ གཞུང་གི་གྲུབ་འབྲས་དེ་ལུ་ སེམས་དགའ་དགོཔ་ཅིག་ ག་ནི་ཡང་ མིན་འདུག་ཟེར་ ཞུ་བའི་ལན་ལུ་ གསོ་བ་བློན་པོ་གིས་ དོགས་སེལ་ཞུ་ཡི།
འཐུས་མི་ཨྱོན་དབང་འདུས་ཀྱིས་ གནམ་གྲུ་ལུ་ དུས་རྒྱུན་གྱི་ ཟད་འགྲོ་སྦོམ་བཏང་དགོཔ་མ་ཚད་ ད་རེས་ནངས་པར་ ཧེ་ལི་ཀོབ་ཊར་ཅིག་ ཉམས་བཅོས་ཀྱི་དོན་ལུ་ ལག་ལེན་མེད་པར་ བཞག་ཡོདཔ་ལས་ དེ་གིས་ ཞབས་ཏོག་དང་འབྲེལ་བའི་ གྱོང་རྒུད་ག་དེམ་ཅིག་ ཕོག་ཡོདཔ་ཨིན་ན་ གཞུང་གི་ཧོངས་ལས་ ཁ་གསལ་ཞུ་དགོཔ་སྦེ་ཞུ་ཡི།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ ཧེ་ལི་ཀོབ་ཊར་ཅིག་ ལཱ་མ་འབད་བར་ བཞག་ཡོད་མི་དེ་ལུ་ གོ་བ་ཕྱི་འགྱུར་སྦེ་ ལེན་དགོཔ་ག་ནི་ཡང་མེད་མི་དེ་ཡང་ གནམ་གྲུ་དེ་ མེད་ཐལ་ཐལཝ་མེན་པར་ དུས་རྒྱུན་གྱི་ ཉམས་བཅོས་འབད་ནིའི་དོན་ལུ་ བཞག་སྟེ་ཡོད་ཟེར་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ གནམ་གྲུ་དེ་ གནམ་ཁར་ལས་ འཕུར་འགྲུལ་འབད་དགོ་པའི་ འཕྲུལ་ཆས་ཅིག་འབདཝ་ལས་ ཡུན་རིངམ་སྦེ་ མེདཔ་མ་ཐལ་བར་ བཞག་དགོ་པ་ཅིན་ སྔ་གོང་ལས་ རྒྱུན་སྐྱོང་འབད་དེ་ གནས་སྟངས་ལེགས་ལྡན་ཐོག་ བཞག་ནི་དེ་ གལ་ཆེ་ཟེར་ཨིནམ་ད་ ད་རེས་རྒྱུན་སྐྱོང་འབད་མི་དེ་ཡང་ གནམ་གྲུ་འཕུར་འགྲུལ་འབད་དེ་ དུས་ཡུན་ཆུ་ཚོད་༦༠ ལྷག་ཡོདཔ་ལས་ དེ་གིས་ གྱོང་རྒུད་ག་ནི་ཡང་མེད་ཟེར་ཞུ་ཡི།
ལྡོག་ཕྱོགས་འཐུས་མི་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ལུ་བརྟེན་ ནདཔ་ཚབས་ཆེན་ཚུ་ སྨན་ཁང་ནང་ བསྐྱལ་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་རུང་ ཞབས་ཏོག་ཚུ་ མང་ཤོས་ར་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ སྤྱོད་ཡོད་པའི་ མཐོང་སྣང་བྱུངམ་མས་ཟེར་ ཞུ་ཡི།
བློན་པོ་རྟ་མགྲིན་དབང་ཕྱུག་གིས་ ཞུ་མིའི་ནང་ གཞུང་གི་བློན་པོ་ཚུ་གིས་ གནམ་གྲུའི་ཞབས་ཏོག་སྤྱོད་མི་ཚུ་ཡང་ གལ་ཆེ་བའི་ ལཱ་གི་དོན་ལུ་མ་གཏོགས་ དོན་མེད་ཀྱི་ ལས་དོན་ཚུ་ནང་ ཞབས་ཏོག་སྤྱོད་དེ་མེད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ དང་༢༠༡༦ གི་བར་ན་ ཞབས་ཏོག་ཐེངས་༢༢ ལག་ལེན་འཐབ་སྟེ་ཡོད་ཟེར་ཞུ་ཡི།
དེ་མ་ཚད་ སྒེར་གྱི་དོན་ལུ་ ཞབས་ཏོག་ཐེངས་༡༦༡ ལག་ལེན་འཐབ་ཡོད་པའི་ཁར་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་ནིའི་དོན་ལུ་ དེ་བསྒང་ ཌོ་ལར་གྱི་གོང་ཚད་དེ་ དངུལ་ཀྲམ་༦༥ སྦེ་སྡོདཔ་ད་ དངུལ་ཀྲམ་ས་ཡ་༢༣༧ རེ་སྤྲོད་དེ་ ཉོ་ཡོད་ཟེར་ གསོ་བ་བློན་པོ་གིས་ ཞུ་ཡི།
བློན་པོ་གིས་འབད་བ་ཅིན་ སྤྱི་ཟླ་༡༡ པའི་ཚེས་༢༧ ཚུན་ ཧེ་ལི་ཀོབ་ཊར་གྱིས་ ནདཔ་༢༧༦ སྲོག་སྐྱབས་འབད་ཡོདཔ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ གློ་བུར་ནདཔ་ཚུ་གི་དོན་ལུ་ སྤྱི་ལོ་༢༠༡༥ ལས་ ད་ཚུན་གྱི་བར་ན་ ཞབས་ཏོག་བརྒྱ་ཆ་༦༠ སྤྱོད་ཡོདཔ་ད་ བརྒྱ་ཆ་༤༠ དེ་ སྒེར་མི་དང་ ལྟ་བཤལཔ་ཚུ་གིས་ ཞབས་ཏོག་སྤྱོད་ཡོད་ཟེར་ཨིན་པས།
བྱང་ཐིམ་ཕུག་གི་འཐུས་མི་ ཚེ་རིང་གིས་ཡང་ ཧེ་ལི་ཀོབ་ཊར་དེ་གིས་ ལ་གོང་གསུམ་གྱི་ མི་སེར་ཚུ་ལུ་ ཕན་ཐོག་བྱུང་ཡོད་རུང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ དཀའ་ངལ་ཡོདཔ་ལས་ གནམ་གྲུའི་གླ་འཐུས་ མར་ཕབ་འབད་ནིའི་ ཐབས་ཤེས་དང་ འཆར་གཞི་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཟེར་ཞུ་ཡི།
འཐུས་མི་ཚེ་རིང་གིས་འབད་བ་ཅིན་ གློ་བུར་གྱི་ ཞབས་ཏོག་དོན་ལུ་ ལག་ལེན་འཐབ་པའི་སྐབས་ ནདཔ་དང་གཅིག་ཁར་ ནད་གཡོག་རྒྱུག་མི་ཅིག་ ངེས་པར་དུ་ བཏང་དགོཔ་ཅིག་ཨིན་རུང་ ད་ལྟོ་ འགྱོ་མི་ཆོགཔ་ལས་ བྱ་སྟབས་མ་བདེཝ་ཡོད་མི་དེ་ གསོ་བའི་ལྷན་ཁག་གི་ ཁ་ཐུག་ལས་ སེལ་ཐབས་ཡོདཔ་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ གསོ་བ་བློན་པོ་གིས་ གནད་དོན་དེ་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *