གནམ་གྲུ་བི་༣_༧༠༡ ཧའི་ཌོ་ལིག་འཛགས་མི་ལུ་བརྟེན་ བེང་ཀོག་ལུ་ ལོག་སོང་ཡོདཔ།

༉ ཁ་ཙ་ བཀྲིས་མཁའ་འགྲུལ་གྱི་ གནམ་གྲུ་བི་༣-༧༠༡ འབད་མི་དེ་ བེང་ཀོག་ལས་ རྒྱ་གར་ ཀཱོལ་ཀ་ཏ་བརྒྱུད་དེ་ སྤ་རོ་ལུ་ འཕུར་འགྲུལ་འབད་བའི་བར་ན་ ལོག་བེང་ཀོག་ལུ་ འགྱོ་དགོཔ་ཐོན་ཡོདཔ་ཨིན་པས།
དེ་ཡང་ གནམ་གྲུའི་དད་དཔོན་གྱིས་ གནམ་གྲུ་ནང་ཡོད་པའི་འཕྲུལ་ཆས་ ཧའི་ཌོ་ལིག་རིམ་ལུགས་ནང་ལས་ མར་ཁུ་འཛགས་ཡོད་པའི་ བརྡ་མཚོན་སྟོན་མི་ལུ་བརྟེན་ཨིནམ་ད་ གནམ་གྲུ་དེ་ཡང་ བེང་ཀོག་ལུ་ བར་ཆད་ག་ནི་ཡང་ མ་འབྱུང་བར་ ལེགས་ཤོམ་སྦེ་ར་ ཆགས་ཚུགས་ཡོདཔ་ཨིན་པས།
གནམ་གྲུ་ནང་ ཧའི་ཌོ་ལིག་དམརཔོ་དང་ སེརཔོ་ དེ་ལས་ ཧོནམོ་བརྩིས་ཏེ་ ཧའི་ཌོ་ལིག་རིམ་ལུགས་༣ ཡོདཔ་ཨིན་པས།
གནམ་གྲུ་དེ་ཡང་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལས་ དྲོ་པའི་ཆུ་ཚོད་༦.༣༠ ལས་ འཕུར་འགྲུལ་འབད་ཡོདཔ་ཨིན་པས།
ད་ལྟོ་ གནམ་གྲུ་དེ་ བེང་ཀོག་ལུ་ བཅོ་ཁ་རྐྱབ་དོ་ ཡོདཔ་ཨིན་པས།
མ་གཞི་ གནམ་གྲུ་ཚུ་ འཕུར་འགྲུལ་མ་འབད་བའི་ཧེ་མར་ དད་དཔོན་ཚུ་གིས་ ལེགས་ཤོམ་སྦེ་ར་ བརྟག་ཞིབ་འབད་དོ་ཡོདཔ་ཨིན་རུང་ འཕུར་འགྲུལ་འབད་བའི་སྐབས་ལུ་མ་གཏོགས་ བརྡ་དོན་མི་སྟོན་དོ་ཡོདཔ་ཨིན་པས།
གནམ་གྲུ་བི་༣-༧༠༡ དེ་ ཁ་ཙ་ར་ ལོག་འོང་ནིའི་ དཔའ་བཅམ་ཡོད་རུང་ གནམ་གྲུའི་སོར་ཆས་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་མི་ལུ་བརྟེན་ འཕུར་འགྲུལ་འབད་ཚུགསཔ་ད་ གལ་སྲིད་ འཕུར་འགྲུལ་འབད་རུང་ སྤ་རོ་ལུ་ལྷོདཔ་ད་ ཉིམ་གི་འོད་ཟེར་གྱིས་ གནམ་གྲུ་ཆགས་ནི་ལུ་ དཀའ་ངལ་འབྱུང་ནི་ཨིནམ་ལས་ བེང་ཀོག་ལུ་ར་ སྡོད་དགོཔ་བྱུང་ནུག།
གནམ་གྲུའི་འགྲུལ་པ་ཚུ་ཡང་ ཁ་ཙ་ མཁའ་འགྲུལ་གྱིས་ ཟད་འགྲོ་བཏང་ཐོག་ལས་ ཟ་ཁང་ཅིག་ནང་ བཞག་ཡོདཔ་བཞིན་དུ་ གནམ་གྲུ་དེ་ ད་རིས་ དྲོ་པའི་ཆུ་ཚོད་༦.༣༠ ལུ་ བེང་ཀོག་ལས་ སྤ་རོ་ལུ་ འཕུར་འགྲུལ་འབད་ནི་ཨིན་པས།
ཁ་ཙ་ བཀྲིས་མཁའ་འགྲུལ་གྱི་གནམ་གྲུ་ སྤ་རོ་ལས་ བེང་ཀོག་ལུ་ འཕུར་འགྲུལ་འབད་མི་དེ་ དཀའ་ངལ་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ར་ འཕུར་འགྲུལ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *