སྤ་རོ་ལུ་ སྤྱི་ཟླ་༩ པའི་ཚེས་༣ དང་༤ ལུ་ གནམ་གཤིས་འགྱུར་བགྲོད་དང་ དེ་གི་ཐབས་ལམ་ དེ་ལས་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་སྐོར་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གནད་དོན་ཚུ་ གསལ་སྟོན་འབད་དགོ་པའི་ནན་བསྐུལ།

༉ མཐའ་ཟུར་གྱི་ གྲོང་གཡུས་ཚུ་ནང་ ཆུ་རྐ་སྐམ་འགྱོ་མི་དང་ ས་རུད་ཆུ་རུད་འཐོན་ནི་ ཧེ་མ་འཐོན་ནི་མེད་པའི་ སྲིན་འབུབ་ཚུ་ རྣམ་རྟོག་ལང་སི་སི་སྦེ་ ཁྱབ་སྤེལ་འགྱོཝ་མ་ཚད་ ལོ་ཐོག་གེ་ཟ་ཤིང་ཚུ་ རླུང་མ་གིས་བརྡབས་བཏང་མི་ དེ་ལས་ སྐྱེ་ལྡན་གནས་སྟངས་མར་ཉམས་དང་ བཙོག་རླུང་ཡར་སེང་ གངས་རི་ཚུ་ནང་ ཁཝ་རྐྱབ་ནི་མེད་པར་ གངས་ཁྱེགས་བཞུ་འགྱོ་མི་ཚུ་ གནམ་གཤིས་འགྱུར་བགྲོད་དང་ འཛམ་གླིང་གི་ ཚ་དྲོད་ཡར་འཕར་འགྱོ་མི་ལུ་བརྟེན་ཨིནམ་སྦེ་ ཆ་བཞགཔ་ཨིན་པས།

གནད་དོན་དེ་ཚུ་ སྤ་རོ་ལུ་ སྤྱི་ཟླ་༩ པའི་ཚེས་༣ དང་༤ ལུ་ ཉིན་གྲངས་༢ ཀྱི་རིང་ གནམ་གཤིས་འགྱུར་བགྲོད་དང་ དེ་གི་ཐབས་ལམ་ དེ་ལས་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་ཚུ་གི་སྐོར་ བརྡ་བརྒྱུད་ཀྱི་ གོ་བསྡུར་ཞལ་འཛོམས་ནང་ ཐོན་ཡོདཔ་མ་ཚད་ བརྡ་བརྒྱུད་ཀྱིས་ གནམ་གཤིས་འགྱུར་བགྲོད་ཀྱི་ ཕན་གནད་ཚུ་གི་སྐོར་ལས་ མི་མང་ལུ་ གོ་བརྡ་ཁྱབ་སྤེལ་འབད་ནི་དང་ མཉམ་འབྲེལ་གྱི་ འགན་ཁུར་ཚུལ་ལྡན་འབག་ནི་མེད་པའི་ ལོ་རྒྱུས་ཚུ་ཡང་ཐོན་ཡི།

དེ་འབདཝ་ལས་ ཉིནམ་༢ ཀྱི་ གོ་བསྡུར་ཞལ་འཛོམས་མཇུག་བསྡུཝ་ད་ བརྡ་བརྒྱུདཔ་དང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་གིས་ གནམ་གཤིས་འགྱུར་བགྲོས་ཀྱི་སྐོར་ལས་ གནས་ཚུལ་བསྡུ་བཀོད་དང་ ཁྱབ་སྤེལ་ཡར་སེང་འབད་ནི་དང་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གནོད་པ་ཚུ་ལུ་ ཞིབ་འཇུག་མཐིལ་ཕྱིན་འབད་དེ་ མི་ཚུ་གིས་ གནས་ཚུལ་ལྷག་ནི་དང་ ཉན་ནི་ཚུ་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི་གི་ ཐབས་ལམ་གསརཔ་བཏོན་ནི་སྦེ་ ཁས་ལེན་འབད་ཡི།

དེ་མ་ཚད་ བརྡ་བརྒྱུདཔ་ཚུ་གིས་ མི་སྡེ་བརྡ་བརྒྱུད་དང་ རྒྱ་ཁྱབ་ཆེ་བའི་ བརྡ་བརྒྱུད་ཚུ་གི་ཐོག་ལས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གདོང་ལེན་དང་ དཀའ་ངལ་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ གྲོས་ཐག་བཅད་མི་ དབང་འཛིན་པ་ཚུ་ལུ་ ནན་བསྐུལ་འབད་ཐོག་ལས་ བར་ཞུགས་འབད་བཅུག་ནི་ལུ་ ག་དེ་དྲ་དྲག་ བརྩོན་ཤུགས་བསྐྱེད་ནི་སྦེ་ ངོས་ལེན་གྲུབ་ཅི།

འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཁག་གིས་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་དང་ མཉམ་འབྲེལ་ཐོག་ འགོ་འདྲེན་འཐབ་མི་ གོ་བསྡུར་ཞལ་འཛོམས་ནང་ གསར་ཤོག་དང་ རྒྱང་མཐོང་གི་ རྩོམ་སྒྲིག་འགོ་དཔོན་དང་ གནས་ཚུལ་བསྡུ་བཀོདཔ་ དེ་ལས་ གློག་བརྙན་གྱི་ འཁྲབ་རྩེདཔ་དང་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་འཐུས་ཚབ་ རྒྱལ་སྤྱིའི་ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡི།

གནམ་གཤིས་འགྱུར་བགྲོད་ཀྱི་ གོ་བསྡུར་ཞལ་འཛོམས་དེ་ དུས་ཚོད་ཁར་ འགོ་འདྲེན་འཐབ་མི་དེ་ཡང་ སྤྱི་ལོ་༢༠༣༠ ལུ་ འགྲུབ་ནི་ཨིན་མི་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་ཚུ་དང་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ གཙོ་རིམ་བཟུང་མི་ དམིགས་ཡུལ་ཚུ་དང་ འབྲེལ་གནད་ཡོད་མི་ལུ་བརྟེན་ཨིན་ཟེར་ འཛམ་གླིག་སྤྱི་ཚོགས་ཀྱི་ གནས་བཞུགས་མཉམ་འབྲེལ་བ་ ཇི་རཱལཌ་ཌ་ལི་གིས་ གོ་བསྡུར་ཞལ་འཛོམས་འགོ་འབྱེད་ནང་བཤད་ཅི།

ཁོ་གིས་འབད་བ་ཅིན་ ད་རིས་ཀྱི་ གོ་བསྡུར་ཞལ་འཛོམས་དེ་ མ་འདྲཝ་ཅིག་སྦེ་ འགོ་འདྲེན་འཐབ་མི་དེ་ཡང་ གནམ་གཤིས་འགྱུར་བགྲོད་ཀྱི་ གནད་དོན་དེ་ དཀའ་ངལ་ཅན་དང་ གལ་ཆེ་ཤོས་ཅིག་ཨིནམ་མ་ཚད་ ལས་སྡེ་སྣ་ཚོགས་འབྲེལ་འཛིན་འབད་དེ་ཡོད་མི་དེ་ཡང་ གནམ་གཤིས་འགྱུར་བགྲོད་ཀྱི་ ཕན་གནད་ཚུ་གི་སྐོར་ གནས་ཚུལ་ཁྱབ་སྤེལ་འབདཝ་ད་ མཉམ་འབྲེལ་དང་ བརྩོན་ཤུགས་ཚུ་ དགོ་ནི་དེ་གིས་ཨིན་ཟེར་ གནས་བཞུགས་མཉམ་འབྲེལ་སྐུ་ཚབ་ཀྱིས་བཤད་ཅི།

སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ བཤད་མིའི་ནང་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གདོང་ལེན་ཚུ་ འབྲུག་རྒྱལ་ཁབ་ནང་ བྱུང་བཞིན་དུ་ཡོད་རུང་ བརྡ་བརྒྱུད་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ རྒྱ་ཆེཝ་སྦེ་ གནས་ཚུལ་ཁྱབ་སྤེལ་འབད་སར་ མ་མཐོང་ཟེར་ཨིནམ་ད་ ད་རེས་ རྩོམ་སྒྲིག་འགོ་དཔོན་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ གནས་གཤིས་འགྱུར་དང་ དེ་གི་གདོང་ལེན་ཚུ་གི་སྐོར་ སྦྱོང་བརྡར་བྱིན་མི་དེ་ ལེགས་ཤོམ་ཨིནམ་ལས་ སེམས་དགའ་ཡི་ཟེར་བཤད་ཅི།

སོ་ནམ་བློན་པོ་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གཡུས་ཚན་ནང་ གནོད་པ་བྱུང་མིའི་སྐོར་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ས་པདཔ་ཚུ་ མང་སྡེ་ཆུའི་མཐའམ་བདའ་སྟེ་ མཐོང་ནི་ཡོད་རུང་ འདས་པའི་ལོ་དག་པ་ཅིག་ལས་ འབྱ་ཞིང་དང་ གྲོང་མི་ཚུ་སྡོད་སར་ ཐོན་ཡོདཔ་མ་ཚད་ སྦལཔ་རིགས་མ་འདྲཝ་ཚུ་ཡང་ ལོ་ཐོག་ཞིང་ཚུ་ནང་ ཁྱབ་ཆེ་དྲགས་ཐོན་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས་ཟེར་ཨིན་པས།

གོ་བསྡུར་ཞལ་འཛོམས་ནང་ ཉམས་མྱོང་ཅན་གྱི་ བརྡ་བརྒྱུདཔ་ལ་ལོ་གིས་ སླབ་མིའི་ནང་ དུས་ཅི་ ཐིམ་ཕུག་ལུ་ ཚ་དྲོད་ཨ་རྟག་དང་མ་འདྲཝ་སྦེ་ ཡར་འཕར་སོང་ཡོདཔ་མ་ཚད་ ཆརཔ་རྐྱབ་ནི་མེད་པར་ མི་ཚུ་གིས་ གནས་བདག་གཞི་བདག་དང་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་ཁ་ཕུལ་ཡོདཔ་མ་ཚད་ གཡུས་སྒོ་ལ་ལོ་ཅིག་ནང་ ཆརཔ་ཕབ་ནིའི་དོན་ལུ་ བཀའ་འགྱུར་བསྟན་འགྱུར་ཚུ་ ཞུ་ཐོག་ལས་ གླིང་བསྐོར་རྐྱབ་མི་ཡང་འདུག་ཟེར་ཨིན་པས།

ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་དང་ ཆརཔ་རྐྱབ་རུང་ རྒྱུན་ཆད་མེད་པར་རྐྱབ་མི་ དེ་ལས་ ཐིམ་ཕུག་བཟུམ་མའི་ ལུང་གཤོང་ནང་ ཚ་དྲོད་ཡར་འཕར་དང་ བཙོག་རླུང་གནས་ཚད་ ཡར་སེང་འགྱོ་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཨིན་ན་ཟེར་ བརྡ་བརྒྱུདཔ་ཚུ་གིས་ དྲི་བ་བཀོད་མི་དེ་ཡང་ བདེན་དཔྱད་འབད་ནིའི་དོན་ལུ་ གནས་སྡུད་མེདཔ་ལས་ གནས་ཚུལ་གཏིང་ཟབ་སྦེ་ ཁྱབ་སྤེལ་འབད་མ་ཚུགས་པའི་ གདོང་ལེན་ཡོད་ཟེར་བཤད་ཅི།

གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གནས་སྡུད་དང་ གདོང་ལེན་ཚུ་ སེལ་ཐབས་མ་འབད་བ་ཅིན་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་ཚུ་ འགྲུབ་ནི་ལུ་ ལཱ་ཁག་གཏང་ནི་ཨིན་པའི་ བསམ་འཆར་ཚུ་ཡང་ བཀོད་ཡོད་པའི་གནས་ཚུལ།

སྤ་རོ་ལས་ རིན་འཛིན་དབང་ཕྱུག།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *