གནམ་གཤིས་འགྱུར་བགྲོད་དང་མཐུན་པའི་ ཆུ་གཡུར་གྱིས་ ཁྱིམ་གུང་པ་༡༩༣ ལུ་ ཕན་ཐོགས་འབྱུང་ཚུགས་ནི།

༉ ཞིང་ཆུའི་གཡུར་བ་ལམ་ལུགས་གསརཔ་དེ་གིས་ སྤུ་ན་ཁའི་ རྒེད་འོག་༣ གྱི་ མི་སེར་ཚུ་གིས་ ཧེ་མ་བཟུམ་སྦེ་ སིམ་ཆུ་ལུ་བརྟེན་ ཆུ་འཕྲོ་བརླག་འགྱོ་མི་དེ་ མར་ཕབ་ཐོག་ ཆུ་འཕྲོ་མཐུད་འཐོབ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

ཞིང་ཆུའི་ལམ་ལུགས་དེ་གིས་ ཞིང་ནང་ ཆུ་ལྷོད་ཚུགས་ནིའི་དོན་ལུ་ ཆུ་དུང་ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ འཛོམས་མི་དང་ གླིང་མུ་ཁ་ དེ་ལས་ ཤེལ་རྔ་ནང་རྒེད་འོག་གསུམ་གྱི་ ཁྱིམ་གུང་པ་༡༩༣ ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།

ཀི་ལོ་མི་ཊར་༡༣.༥ འབད་མི་ སྦྱིས་མི་ཐང་ཁ་གཡུས་ཚན་ལས་ འཐེན་བསྐྱལ་མི་དེ་གིས་ གཡུས་ཚན་༡༢ ཀྱི་མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་ནི་དང་ ཞིང་ཆུ་དེ་ཡང་ སྦྱིས་མི་ཐང་ཁ་ལུ་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

གླིང་མུ་ཁའི་རྒཔོ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཞིང་ཆུའི་ལམ་ལུགས་གསརཔ་དེ་གིས་ ཆུ་འཛིན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིནམ་ད་ ཧེ་མར་ ཆུ་འཐེན་ནིའི་ལམ་ལུགས་དེ་ནང་ ཆུ་དཔྱ་༣ དེ་ཅིག་ སིམ་སྟེ་འཕྲོ་བརླག་འགྱོ་ནི་ཡོད་རུང་ ད་ལྟོའི་ལམ་ལུགས་དེ་ནང་ ཆུ་དུང་ཡོདཔ་ལས་ འཕྲོ་བརླག་མི་འགྱོ་བས་ཟེར་ཨིན་པས།

ཧེ་མའི་ལམ་ལུགས་ནང་ འཕྲལ་འཕྲལ་སྦེ་ར་ བྱེམ་དང་རྡོ་ རག་རོ་ཚུ་གིས་ ཆུ་ལམ་བསུབས་བཞག་དོ་ཡོདཔ་ད་ འཕྲལ་འཕྲལ་ རི་ཕག་ཚུ་གིས་ ས་སློང་སྟེ་ མེདཔ་བཏངམ་མས་ཟེར་ཨིན་པས།

གླིང་མུ་ཁ་གཡུས་ཚན་དེ་ ཆུ་རྐ་ལས་ ཐག་རིང་ཤོས་ནང་ཡོདཔ་ད་ དེ་གིས་ གཡུས་མི་ཚུ་ལུ་ ཕན་ཐོགས་ཚུགས་ཟེར་ རྒཔོ་གིས་བཤད་ཡོདཔ་ད་ ད་ལྟོའི་ལམ་ལུགས་དེ་གིས་ ཆུ་འཕྲོ་མཐུད་དེ་ ལྷོད་ཡོདཔ་ལས་ སོ་ནམ་ཐོན་སྐྱེད་ཡང་ ཡར་དྲག་འགྱོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

འཛམ་གླིང་སྤྱི་ཚོགས་དང་ སོ་ནམ་ལྷན་ཁག་གིས་ མཉམ་འབྲེལ་ཐོག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཆུ་གཡུར་ལམ་ལུགས་གསརཔ་དེ་ གནམ་གཤིས་འགྱུར་བགྲོད་དང་མཐུན་པའི་ ཐབས་རིག་ལག་ལེན་འཐབ་སྟེ་ཡོདཔ་ལས་ གནམ་གཤིས་གནས་སྟངས་ ཚབས་ཆེན་སྐབས་ལུ་ཡང་ གནོད་སྐྱོན་མེད་ཟེར་ཨིན་པས།

ཆུ་དུང་དེ་གིས་ ཆུ་ཆ་ཆད་པར་གཏང་ཚུགས་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་དེ་ཡོདཔ་ད་ ཞིང་ཆུ་ཡར་དྲག་གཏང་ནིའི་ ལཱ་དེ་ཡང་ སྤྱི་ལོ་ ༢༠༢༡ གི་ ཟླཝ་༥ པ་ལས་ དུས་ཅི་སྤྱི་ཟླ་༤ པ་ཚུན་ འབད་ཡོདཔ་ཨིན་པས།

དངུལ་ཀྲམ་ས་ཡ་༣༠.༧༥༥ དེ་ཅིག་གནས་མི་ ལས་འགུལ་དེ་ གནམ་གཤིས་སྔོ་ལྗང་མ་དངུལ་གྱི་ གྲོགས་རམ་ཐོག་ལས་ གཞུང་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་འགུལ་དང་ མཉམ་འབྲེལ་ཐོག་ལས་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ གནས་བཞུགས་སྐུ་ཚབ་ ཨ་ཛུ་ས་ ཀོ་བོ་ཏ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུ་རུད་འཐོན་ནི་དང་ ཆར་ཆུ་དཀོན་ནི་ དེ་ལས་ རི་ཆད་ནི་ལ་སོགས་པ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ དཀའ་སྡུག་སྦོམ་ཕོག་སྟེ་ཡོད་ཟེར་ཨིན་པས།

བཟའ་འཐུང་ཡུན་བརྟན་དང་ ཡུན་ཐུབ་ཅན་བཟོ་ནིའི་དོན་ལུ་ གནས་གཤིས་འགྱུར་བགྲོད་དང་མཐུན་པའི་ ལམ་ལུགས་བཟོ་ ནིའི་ནང་ མ་རྩ་གཞི་བཙུགས་འབད་ནི་དེ་ ཁག་ཆེ་བས་ཟེར་ མོ་གིས་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *