ཞིང་ཆུ་ལངམ་སྦེ་མེད་མི་ལུ་བརྟེན་ གུ་མའི་སོ་ནམ་པ་ཚུ་ འཐེན་འཕྲུལ་ལག་ལེན་འཐབ་སྟེ་ མོ་ཆུ་ནང་ལས་ ཞིང་ཆུ་འཐེན་དོ་ཡོདཔ་ཨིན་པས།

གནམ་གཤིས་འགྱུར་བགྲོད་ཀྱིས་ སོ་ནམ་ལུ་གནོད་སྐྱོན?

༉ ད་རེས་ནངས་པར་ སྤུ་ན་ཁ་གུ་བ་རྒེད་འོག་ནང་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཨིནམ་བཞིན་དུ་ སྐྱེས་ལོ་༦༧ ལང་མི་ སོ་ནམ་པ་ རྣམ་རྒྱལ་ཚེ་རིང་གིས་ མོ་ཆུ་ནང་ལས་ ཆུ་འཐེན་ནིའི་འཕྲུལ་ཆས་ ལག་ལེན་འཐབ་སྟེ་ ཞིང་ཆུ་འཐེནམ་ཨིན་པས།

སྤྱི་ཟླ་༧ པ་ལས་ གུ་མའི་སོ་ནམ་པ་ཚུ་གིས་ འཐེན་འཕྲུལ་ལག་ལེན་འཐབ་སྟེ་ མོ་ཆུ་ནང་ལས་ ཆུ་འཐེན་ནི་དང་ ཡང་ཅིན་ ཉ་ཁུ་ལུངམ་ལས་བཏོན་མི་ ཞིང་ཆུ་དཔག་ནིའི་དོན་ལུ་ རང་སོའི་སྐོར་རྒྱབ་ལུ་ མ་ལྷོད་ཚུན་ ཉིནམ་༡༠ བསྒུག་སྡོད་ནིའི་ གདམ་ཁ་རྐྱབ་དགོཔ་བཞིན་དུ་ གལ་སྲིད་ ཁ་རྗེ་ཡོད་པ་ཅིན་ ཆརཔ་རྐྱབ་ནི་ཡོདཔ་ལས་ ལྕང་ལཱ་རྐྱབ་ནི་ལུ་ ལྷན་ཐབས་བྱུང་དོ་ཡོདཔ་ད་ དེ་མེན་པ་ཅིན་ ཞིང་སྟོང་སྦེ་ བཞག་དགོཔ་ཨིན་པས།

སྤུ་ན་ཁ་ལུ་ ལྕང་ལཱ་རྐྱབ་ནི་དེ་ ཟད་འགྲོ་ལྕི་དྲགས་གནས་དོ་ཡོད་མི་དེ་ཡང་ རྣམ་རྒྱལ་ཚེ་རིང་གིས་ ཁོ་རའི་ཁྱིམ་ཚང་གི་ ཆུ་འཐེན་འཕྲུལ་དེ་ དུས་ཡུན་ཚུ་ཚོད་རེ་ལུ་ གླ་འཐུས་དངུལ་ཀྲམ་༤༥༠ རེ་སྤྲོད་དེ་ ཞིང་ཆུ་དཔག་དོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཆུ་ཞིང་གླང་དོ་༢ ནང་ ཆུ་དཔག་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ འགོརཝ་མས་ཟེར་ཨིནམ་ད་ ཁོ་ལུ་ ཆུ་ཞིང་ཨེ་ཀར་༢ ཡོདཔ་ཨིན་པས།

ཉ་ཁུ་ལུངམ་ལས་ ཞིང་ཆུ་འཐེན་ནི་དེ་ ས་ཐག་རིང་ནི་དེ་གིས་ གཙང་ཆུ་ནང་ལས་ ཆུ་འཐེན་པར་ བྱ་ཐབས་གཞན་མེདཔ་ལས་ རང་ལུ་ཏི་རུ་མེད་རུང་ གཞན་ཁ་ལས་བསྐྱི་སྟེ་ ཆུ་འཐེན་དགོ་ཟེར་ རྣམ་རྒྱལ་ཚེ་རིང་གིས་ བཤདཔ་ཨིན་པས།

འཛོམས་མི་རྒེད་འོག་ སྦྱིས་མི་ཐང་ལུ་ ཆུ་རྐ་༣ དེ་ཅིག་ སྐམ་སོཔ་ལས་ སོ་ནམ་པ་ཚུ་ རྫིང་ཅིག་འཁྱིལ་ཏེ་ཡོད་མི་ལས་ ཆུ་འཐུང་དོ་ཡོདཔ་ལས་ དེ་གིས་ མི་ཚུ་ལུ་ ཚ་རིམས་ཐོབ་པའི་ཁར་ གཟུགས་ཁར་སྤོ་རོ་འཐོན་ནི་དེ་ དར་ཁྱབ་ཆེ་དྲགས་ཡོདཔ་ཨིན་པས།

ནགས་ཚལ་ལས་ཁུངས་ ཆུ་རྐ་འཛིན་སྐྱོང་སྡེ་ཚན་གྱི་ ཞིབ་འཇུག་ནང་ འབྲུག་རྒྱལ་ཁབ་ཀྱི་ ཆུ་རྐ་༦,༥༥༥ ཡོད་ས་ལས་༢,༣༡༧ འབདཝ་ད་ བརྒྱ་ཆ་༣༥ སྐམ་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ཆུ་རྐ་༡༤༧ སྐམ་སོ་ནུག་ཟེར་ཨིན་པས།

ཆུ་སྐམ་མི་ལུ་བརྟེན་ གཡུས་ཁ་ལས་ཕར་ མི་སེར་ཚུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།

འབྲུག་ལུ་ སོ་ནམ་པ་ཚུ་ལུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་ཉེན་ཡོད་མིའི་སྐོར་  དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་༢ ལུ་ གཙོ་རིམ་བཟུང་སྟེ་ ཞིབ་འཚོལ་འབད་ཡོད་མིའི་ནང་ གུ་མ་དང་ དཀར་སྦིས་ས་རྒེད་འོག་༢ ལུ་ གནོད་པ་འབྱུང་ཉེན་ཡོདཔ་སྦེ་འཁོད་ནུག།

ཞིབ་འཚོལ་པ་དང་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་སྒྲིག་འཛིན་ མཁས་དབང་ཨོམ་ཀ་ཊེལ་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༥ ལས་༢༠༡༧ ཚུན་གྱི་ གནས་སྡུད་ཚུ་ལུ་ གཞི་བཞག་སྟེ་ ཞིབ་འཚོལ་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒེད་འོག་དེ་ནང་ གནམ་བཤིས་འགྱུར་བགྲོད་ལུ་བརྟེན་པའི་ ཚ་དྲོད་དང་ སེརཝ་ ཐན་པ་ རླུང་འཚུབས་ལ་སོགས་པའི་ དཀའ་ངལ་བྱུང་ཡོད་མི་ཚུ་ལུ་ ལྟ་ཞིབ་ཡོདཔ་མ་ཚད་ གནམ་གཤིས་གནས་སྟངས་ལུ་བརྟེན་ ལོ་ཐོག་ཚུ་ལུ་  གནོད་པ་བྱུང་ཡོད་པ་ཅིན་ གདམ་ཁ་སོ་སོར་ཡོད་མེད་ བལྟ་ཡི་ཟེར་ཨིན་པས།

དཔེར་ན་ གཡུས་ཚན་ ཡང་ཅིན་ ཁྱིམ་གུང་ཅིག་ལུ་ རླུང་འཚུབས་ཐང་ ཁཝ་ དེ་ལས་ ཆར་ཤུགས་དང་ ཐན་པ་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་བྱུང་ཡོད་རུང ཁོང་ལུ་ ཏི་རུ་ཡོད་པ་ཅིན་ གདམ་ཁ་གཞན་ ལག་ལེན་འཐབ་ནི་གི་ ལྕོགས་གྲུབ་ཡོད་པའི་གྲངས་སུ་ བརྩི་འཇོག་འབདཝ་ཨིན་ཟེར་ཨིན་པས།

ཞིབ་འཚོལ་དེ་ནང་ དབང་འདུས་དང་ སྤུ་ན་ཁ་རྫོང་ཁག་༢ ཀྱི་ རྒེད་འོག་ཚུ་གི་གྲས་་ལས་ གུ་མ་དང་ དཀར་སྦིས་ས་རྒེད་འོག་༢ པོ་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་ཉེན་ཆེ་དྲགས་ཡོདཔ་སྦེ་བཀོད་ནུག།

མི་ཚུ་གིས་ ཉ་ཁུ་ལུངམ་གི་ རོང་ཆུ་བྲེས་དོ་ཡོདཔ་ཨིན་རུང་ ཧེ་མ་ལས་ཡོད་པའི་ ཆུའི་རྐ་གཞན་ཚུ་ སྐམ་མས་ཟེར་ ་བཤདཔ་ཨིན་པས།

ལྕང་ཡུལ་ལུ་ ལྷ་མོའི་ཞིང་ཆུའི་གཡུར་བ་དེ་ ཆུ་བྲེས་མི་ལུ་བརྟེན་ མེདཔ་བཏང་ཡོདཔ་ད་ དང་ཕུ་ལས་ཡོད་མི་ ཆུ་གཡུར་དེ་ ཁྱིམ་གུང་༤ གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

གུ་མ་ལུ་ ཞིང་བཐུན་མོང་ཟ་མི་ ལེ་ཤ་ཡོདཔ་ལས་ ལོ་ཐོག་ཕྱེད་ཀ་ སའི་ཇོ་བདག་ལུ་ བྱིན་དགོཔ་ལས་ གདོང་ལེན་ག་ཅི་བཟུམ་བྱུང་རུང་ མི་ཚུ་ ཞིང་ལཱ་འབད་དོ་ཡོདཔ་ཨིན་པས།

ལྷ་མོ་གིས་ སླབ་མིའི་ནང་ ན་ཧིང་ མོ་གི་ཞིང་ཧ་ལམ་ཅིག་ སྟོངམ་ལུས་ཡོདཔ་བཞིན་དུ་ མོ་བཟུམ་སྦེ་ གཞན་ཚུ་ལུ་ཡང་ དཀའ་ངལ་བྱུང་ཡོད་རུང་ ཐོག་ཕྱེད་ཀ་ ཇོ་བདག་ལུ་ བྱིན་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཆུ་འཐེན་ནིའི་དོན་ལུ་ འཕྲུལ་ཆས་གླ་ཁར་ལེན་དགོ་པ་ཅིན་ གླ་ཆ་མཐོ་དྲགས་སྦེ་  སྤྲོད་དགོ་པའི་ཁར་  རང་གིས་ཉོ་གེ་ཟེརན་ མ་དངུལ་མེདཔ་ལས་ ཉོ་མི་ཚུགས་པས་ཟེར་ཨིནམ་ད་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ཡང་ འཇམ་ཏོང་ཏོ་སྦེ་ འཐོབ་མི་ཚུགས་པས་ཟེར་ སླབ་ཨིན་པས།

ཟླཝ་དག་པ་ཅིག་གི་ཧེ་མར་ ལྷ་མོ་གིས་ ཁྱིམ་ཚང་ལས་ ཏི་རུ་བསྐྱི་ཞིནམ་ལས་ ཆུ་འཐེན་འཕྲུལ་ཅིག་ དངུལ་ཀྲམ་༥༦,༠༠༠ སྦེ་ ཉོ་ཡོད་རུང་ ཁྱིམ་ཚང་ལུ་ ད་རུང་ ཏི་རུ་༣༠,༠༠༠ སྤྲོད་ནི་ཡོདཔ་ཨིན་པས།

ལྷ་མོ་གིས་ སླབ་མིའི་ནང་ སྐྱིན་ཚབ་སྤྲོད་ནིའི་དོན་ལུ་ སོ་ནམ་པ་ཚུ་བཟུམ་སྦེ་ ཚ་གྱང་ལང་མི་ ག་ཡང་མི་འོང་ཟེར་ཨིནམ་ད་ སྐྱིན་འགྲུལ་ཞུ་ནིའི་ཐད་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།

མཁས་དབང་ཨོམ་ཀ་ཊེལ་གྱིས་ སླབ་མིའི་ནང་ འདས་པའི་གནས་སྡུད་ཚུ་ བལྟ་བའི་ཤུལ་ལུ་ ཞིབ་འཚོལ་ནང་ འདས་པའི་ལོ་༡༠ ལས་༢༠ དང་ཕྱདཔ་ད་ ཆར་ཆུའི་ཤུགས་ ཡར་འཕར་སོང་རུང་ ཆར་ཆུའི་དུས་ཡུན་མར་བབས་སོང་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཆརཔ་རྐྱབ་ནིའི་ དུས་ཚོད་དེ་ སྤྱི་ཟླ་༥ པ་ མཇུག་བསྡུ་ཁམས་ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༩ པ་ཚུན་ཨིནམ་ད་ དེའི་སྐབས་ དུས་ཡུན་མང་ཤོས་ཅིག་ ཆརཔ་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཐིག་ཁྲམ་ནང་ འཕྲལ་འཕྲལ་ཆརཔ་ལེ་ཤ་དང་ འཕྲལ་འཕྲལ་ཉུང་སུ་སྦེ་ རྐྱབ་དོ་ཡོདཔ་སྦེ་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།

ཆརཔ་ཤུགས་སྦེ་ དུས་ཡུན་ཐུང་ཀུ་ཅིག་རྐྱ བ་མི་དེ་ ཚ་གྱང་ལང་དགོ་མི་དེ་ཡང་ ཆར་ཆུ་ས་ནང་སིམ་ནིའི་ དུས་ཚོད་མེདཔ་ལས་ དེ་གིས་ རང་བཞིན་ཆུ་འཐོན་ནི་མེད་ཟེར་ཨིནམ་ད་ མི་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུ་སྐམ་དོ་ཡོདཔ་སྦེ་ སླབ་མི་དེ་ ཆ་ཤེས་ཅིག་ བདེན་པ་ཡོདཔ་སྦེ་ མཁས་དབང་ཨོམ་ཀ་ཊེལ་གྱིས་ བཤདཔ་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བརྟག་ཞིབ་སྙན་ཞུ་༢༠༡༥ ཅན་མའི་ནང་ སོ་ནམ་པ་ཚུ་ལུ་ དགའ་བ་ཉུང་སུ་ཡོདཔ་སྦེ་ བཀོད་ཡོདཔ་ད་ སོ་ནམ་པ་བརྒྱ་ཆ་༣༣ རྐྱངམ་གཅིག་ དགའ་ཏོག་ཏོག་ཡོདཔ་སྦེ་ འཁོད་ཡོདཔ་ལས་ གནད་དོན་དེ་ ཚ་གྱང་ཅན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ ལཱ་གཡོག་གི་ སྡེ་ཚན་སྦོམ་ཤོས་ སོ་ནམ་པ་ཚུ་ཨིན་མི་ལུ་བརྟེན་ཨིན་པས། 

དེ་བཟུམ་སྦེ་ རྒྱལ་ཡོངས་ལས་མི་བརྟག་ཞིབ་༢༠༡༦ ཅན་མའི་ སྙན་ཞུ་ནང་ མི་སེར་བརྒྱ་ཆ་༥༧.༢ སོ་ནམ་གྱི་ལཱ་ནང་ གྲལ་གཏོགས་ཡོདཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།

དེ་འབདཝ་ལས་ བདེ་སྲུང་ཆུའི་ལས་འགུལ་དང་ རྒེད་འོག་ཆུའི་ལས་འགུལ་ཚུ་གིས་ དཀའ་ངལ་བསལ་ནིའི་ནང་ ཕན་ཐོགས་བྱུང་ཡོདཔ་ད་ གུ་མ་རྒེད་འོག་ནང་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ཡོདཔ་ཨིན་རུང་ འཐུང་ཆུ་བཏོན་ནིའི་ ལཱ་འགོ་བཙུགས་ཏེ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འཛོམས་མེད་རྒེད་འོག་ནང་ སྤྱི་ཟླ་༧ པ་ མཇུག་བསྡུ་ཁམས་ཅིག་ལས་ འཐུང་ཆུ་བཏོན་ཚར་ནི་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *