གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ།

༉ སོ་ནམ་པ་དག་པ་ཅིག་ སྒལ་ཏོ་ཁར་ཙེཝ་འབག་ སྐེད་པར་དཔའ་རྟགས་བཏགས་ ལགཔ་གུ་ཁཝ་བཤེད་ དྲོ་པ་ཧ་སག་ར་ རྒེད་འོག་ཡིག་ཚང་ཁ་ཐུག་ལུ་ འཚབ་འཚབ་རིལ་རི་སྦེ་འགྱོ་སར་ མཐོང་གསལ་བྱུངམ་མས།

སོ་ནམ་པ་ཚུ་ བཟོ་སྐྲུན་དང་འབྲེལ་བའི་ འུར་ལ་རྒྱུག་ནིའི་དོན་ལུ་མེན་པར་ སྐམ་ཞིང་ནང་ ཆུ་དཔག་ནིའི་དོན་ལུ་ མཁོ་སྤྲོད་འབད་མི་ རྩི་ས་དང་ ལྕགས་ཀྱི་ར་བ་ རྡོ་རུག་ དེ་ལས་ རྒྱུ་ཆས་གཞན་ཚུ་ རང་སོའི་ས་ཁོངས་ནང་ བསྐྱལ་བར་འགྱོཝ་ཨིན་པས།

ཁོང་མི་སེར་ཚུ་ཡང་ མོང་སྒར་རྩ་མང་རྒེད་འོག་ བཱན་ཇར་སྤྱི་འོག་ལས་ཨིནམ་ད་ ཁོང་ཆ་ཁྱབ་ ཆུ་མཛོད་༣ རྐྱབ་མིའི་ནང་ ལཱ་འབད་བའི་བསྒང་ཡོདཔ་ད་ ཆུ་མཛོད་གསུམ་ལས་སྦེ་ སོ་ནམ་པ་རང་སོའི་ཞིང་ནང་ ཆུ་བགོ་བཀྲམ་འབད་ནི་ཨིན་པས།

ཞིང་ཆུ་དེ་ རྩ་མང་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊཪ་༥ དེ་ཅིག་གི་ རི་གུ་ལས་སྦེ་ པཱམ་གཡུས་ཚན་ནང་ བཏོན་ཡོདཔ་ད་ པཱམ་གཡུས་ཚན་དེ་ རྒེད་འོག་ལྟེ་བའི་ ཡིག་ཚང་ལས་ ཀི་ལོ་མི་ཊར་༦ གི་ས་ཁར་འདུག། 

སྤྱི་ལོ་༢༠༢༠ ཟླ་༡༡ པའི་ནང་ བཱན་ཇར་སྤྱི་འོག་གི་ གུང་པ་༤༥ དེ་ཅིག་གི་ སོ་ནམ་པ་ཚུ་གིས་ སྐམ་ཞིང་ནང་ ཆུ་བཏོན་ནིའི་དོན་ལུ་ ཆུ་དུང་བཙུགས་ནིའི་ལཱ་ཚུ་ བདུན་ཕྲག་༢ ཀྱི་ འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རང་སོའི་ཞིང་ནང་ ཆུ་དཔག་ནིའི་དོན་ལུ་ ཆུ་ཀ་ལི་ཚུ་ཡང་ ད་རེས་ནངས་པར་ བཟོ་སྐྲུན་འབད་བའི་བསྒང་ཨིན་པས།

གནམ་དགུན་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་བའི་སྐབས་དང་ གནམ་བྱཱར་ཆརཔ་མེདཔ་ད་ལུ་ ཆུ་ཀ་ལི་ལས་སྦེ་ འཛུགས་སྐྱོང་འབད་མི་ཚོད་བསྲེ་དང་ ལོ་ཐོག་ལུ་ ཆུ་དེ་ སྤྱོད་ཚུགས་ནི་ཨིན་པས། 

ས་གནས་ཀྱི་ མི་སེར་ཚུ་ལུ་ འཐུང་ཆུའི་མ་ལང་པའི་ དཀའ་ངལ་དང་ ཆུའི་སྤུས་ཚད་མེད་པའི་ཁར་ འབྱུང་བ་བཞིའི་རྐྱེན་ངན་ དཔེར་ན་ ཆུ་རུད་དང་ ས་རུད་ཀྱིས་ ས་ཞིང་ཚུ་ ཕྱགས་བདའ་ནི་དང་ སོ་ནམ་ཐོན་སྐྱེད་མར་ཉམས་འགྱོ་བའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།  

རྒེད་འོག་བདག་སྐྱོང་འགོ་དཔོན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་མས་ཟེར་ཨིནམ་ད་ མི་སེར་གྱི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ རང་ལྡང་བཟོ་ནི་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་འབད་ནིའི་དོན་ལུ་ སྐམ་ཞིང་ཚུ་ནང་ ཆུ་དཔག་ནིའི་ ལས་རིམ་ཅིག་ འགོ་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།

གོ་རིམ་དང་པའི་ནང་ བཱན་ཇར་སྤྱི་འོག་གི་ ཁྱིམ་གུང་༤༥ འི་ ས་ཆ་ཨེ་ཀར་༥༠ ནང་ ཞིང་ཆུ་བཏོན་ནིའི་ལཱ་ཚུ་ མཇུག་བསྡུ་ཞིནམ་ལས་ འཐིང་མུང་སྤྱི་འོག་ནང་ ཁྱིམ་གུང་༣༥ ལུ་ ས་ཆ་ཨེ་ཀར་༧༥ དེ་ཅིག་ནང་ ཞིང་ཆུའི་ཐོབ་སྤྱོད་ཡོདཔ་ བཟོ་ནི་ཨིན་པས།

པཱམ་གཡུས་ཚན་ལས་ སྐྱེས་ལོ་༢༨ ལང་མི་ རྟ་མགྲིན་གྱིས་ སྤྱི་ལོ་༢༠༡༠ ལུ་ མོང་སྒར་གྱི་ འབྲིང་རིམ་སློབ་གྲྭ་བར་མ་ཅིག་ལས་ སློབ་རིམ་༡༠ པ་ མཇུག་བསྡུ་བའི་ཤུལ་ལུ་ འཕྲོ་མཐུད་ཤེས་ཡོན་སྦྱང་མ་ཚུགས་པར་ ཕམ་༢ ལུ་ ཆ་རོགས་འབད་དེ་ སོ་ནམ་པ་སྦེ་ སྡོད་ཡོདཔ་ཨིན་པས།

རྟ་མགྲིན་གྱིས་ སླབ་མིའི་ནང་ གནམ་དགུན་ལུ་ ཆརཔ་དང་ཞིང་ནང་ ཆུ་མེད་མི་ལུ་བརྟེན་ ལྕངམ་༥༠༠ ཡོད་མི་ ཚལ་ལུ་ཤིང་སྐམ་ཏེ་ ཤི་དོ་ཡོདཔ་ལས་ ཐོན་སྐྱེད་མར་བབས་དང་ ཞིང་སྟོངམ་སྦེ་ བཞག་དགོ་པའི་ གདོང་ལེན་ཚུ་ཡོད་ཟེར་ཨིན་པས།

དུས་ཚོད་དང་འཁྲིལ་མ་དགོ་པར་ ལོ་ཐོག་དང་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ཚུ་ སྐྱེ་ནི་ཡོད་རུང་ ཆུ་མེདཔ་ལས་ ཐོན་སྐྱེད་བསྡུ་མི་ཚུགས་པས་ཟེར་ཨིན་པས།

པཱམ་གཡུས་ལྟག་ལུ་ ཆུ་མཛོད་སྦོམ་༡ དང་ བར་མ་༢ རྐྱབ་དགོ་མི་ལས་ ད་ལྟོ་ ཆུ་མཛོད་སྦོམ་རྐྱབ་པའི་བསྒང་ཡོད་རུང་ འཕྲལ་འཕྲལ་ར་ རྡོ་བཟོ་བོ་འོང་ནི་མེད་པར་ ཞག་དང་ བདུན་ཕྲག་སྦེ་ འགོར་ནི་ཡོདཔ་ལས་ ཚ་གྱང་ལང་མས་ཟེར་ ས་གནས་ཀྱི་ མི་ཅིག་གིས་ བཤདཔ་ཨིན་པས།

ཨིན་རུང་ ཆུ་མཛོད་རྐྱབ་ཚར་བའི་ཤུལ་ལས་ རྟ་མགྲིན་གྱིས་ སྐམ་ཞིང་ཨེ་ཀར་༢ ནང་ ཚོད་བསྲེ་དང་ གེ་ཟ་ དེ་ལས་ ཤིང་འབྲས་ལྡུམ་ར་ཚུ་ནང་ ཆུ་དཔག་ནི་ཨིན་པས།

སྐམ་ཞིང་ནང་ དཔག་ནི་ཨིན་མི་ཆུ་དེ་ཡང་ ཆུ་མཛོད་ཁང་རྐྱབ་མི་ལས་ རང་སོའི་ཆུ་རྐ་ལི་བཟོ་མིའི་ནང་ འབག་ནི་ཨིན་པས།

བདག་སྐྱོང་འགོ་དཔོན་ བསོད་ནམས་རྒྱ་མཚོ་གིས་ སྐམ་ཞིང་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་དོན་ལུ་ དགོཔ་ཆུ་དེ་ཨིནམ་ལས་ གནམ་གཤིས་འགྱུར་བགྲོད་ལས་སྡེ་ལས་འགོ་དཔོན་ཚུ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ རྒེད་འོག་བདག་སྐྱོང་གིས་ མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཟེརེ་ཨིན་པས། 

རྩ་མང་རྒཔོ་ བསོད་ནམས་དར་རྒྱས་ཀྱིས་ རྒེད་འོག་ནང་ འཐུང་ཆུའི་རྐ་བདག་འཛིན་འབད་ནི་དང་ འཛིན་སྐྱོང་འབད་ཐངས་ཀྱི་སྐོར་ གསོ་བའི་ལས་རོགསཔ་ཚུ་གིས་ སྦྱོང་བརྡར་དང་ གོ་བརྡ་ཚུ་ སྤེལ་བཞིན་དུ་ཡོདཔ་ལས་ ད་ལྟོ་ཚུན་ དཀའ་ངལ་སྦོམ་མ་ཐོན་ཟེར་ བཤདཔ་ཨིན་པས།

ཆུ་མཛེོད་གསུམ་ཆ་ར་ རྐྱབ་ཚར་བའི་ཤུལ་ལུ་ ལོ་ཐོག་རྐྱངམ་གཅིག་མེན་པར་ ཤིང་ཐོག་འཛུགས་སྐྱོང་འབད་མི་ཚུ་ལུ་ཡང་ ཕན་ཁྱད་འབྱུང་ནི་ཨིན་པས།

རྩ་མང་རྒེད་འོག་ནང་ ཆུའི་དཀའ་ངལ་བྱུང་མི་ གཙོ་བོ་ར་ མི་རློབས་ཡར་སེང་འགྱོ་བའི་ཁར་ སྐམ་ཞིང་བཟའ་སྤྱོད་འབད་མི་ མང་སུ་ཐོནམ་ལས་ ཞིང་ཆུ་ལུ་ ཨུ་ཚུགས་བྱུང་ཡོདཔ་སྦེ་ རྒེད་འོག་ནགས་ཚལ་རྒྱ་སྐྱེད་ལས་རོགསཔ་གིས་ བཤདཔ་ཨིན་པས།

ད་རུང་ རྒེད་འོག་ནང་ ནགས་ཚལ་གྱི་ ཁྱབ་ཚད་བརྒྱ་ཆ་༧༠ དེ་ཅིག་ཡོད་རུང་ ནགས་ཚལ་དང་ འཐུང་ཆུ་ལུ་ གདོང་ལེན་སྦོམ་ཤོས་ར་ རྒེད་འོག་གི་ འཁོར་ལམ་དང་ ཞིང་ལམ་བསལ་མི་ཚུ་གིས་ ཆུ་རྐ་སྐམ་འགྱོ་དོ་ཡོདཔ་ཨིན་པས། 

ཆུ་རྐ་ཡུན་སྦེ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ནགས་ཚལ་འཛིན་སྐྱོང་གི་སྒྲིག་གཞི་དང་ ཆུའི་བཅའ་ཁྲིམས་དང་འཁྲིལ་ ར་བ་བསྒོར་ནི་དང་ ཤིང་འཛུགས་སྐྱོང་འབད་ནི་ དེ་ལས་ ནོར་བདའ་མ་ཆོག་པའི་ སྒྲིག་གཞི་ཚུ་ རང་སོའི་ཚོགས་པ་ལུ་ འགན་འཁྲི་སྤྲོད་དེ་ཡོད་པའི་གནས་ཚུལ།

གནས་ཚུལ་འདི་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བྲིས་སྤེལ་འབད་འབདཝ་ཨིན།

བཀྲིས་ཕུན་ཚོགས།



སོ་ནམ་པ་ཚུ་ རྩི་ས་དང་ ལྕགས་ཀྱི་ར་བ་ རྡོ་རུག་ དེ་ལས་ རྒྱུ་ཆས་གཞན་ཚུ་ རང་སོའི་ས་ཁོངས་ནང་ བསྐྱལ་ནིའི་དོན་ལུ་ སྤུངས་འཛོམས་འབད་བའི་བསྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *