གནམ་གཤིས་འགྱུར་བགྲོད་ཀྱི་ གོ་བརྡ་སྤེལ་ནིའི་དོན་ལུ་ གངས་རི་ཚུ་བརྒྱུད་དེ་ བང་རྒྱུག་འགོ་འདྲེན་འཐབ་ནི།

༉ སང་ཕོད་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ དུས་སྟོན་བརྩི་སྲུང་གི་ཉིནམ་དང་འབྲེལ་ རྒྱལ་ཁབ་ནང་ འགོ་དང་པ་ གངས་རི་ཚུ་བརྒྱུད་དེ་ སྡུག་དྲགས་ཅན་གྱི་ བང་རྒྱུག་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་པས།
བང་རྒྱུག་ལས་རིམ་དེ་ནང་ རྒྱལ་སྤྱི་ལས་ བཅའ་མར་གཏོགས་མི་ཚུ་གིས་ གངས་རི་ཚུ་བརྒྱུད་དེ་ རྒྱུག་འགྲན་འབད་ནི་ཨིནམ་ད་ ལས་རིམ་དེ་ཡང་ མགར་ས་ལས་ འགོ་བཙུགས་ཏེ་ བུམ་ཐང་ལུ་ མཇུག་བསྡུ་ནི་ཨིནམ་ད་ བསྡོམས་ཀྱིས་ཉིན་གྲངས་༥ འི་ནང་འཁོད་ལུ་ ཀི་ལོ་མི་ཊར་༣༠༠ ལྷགཔ་ཅིག་ བང་རྒྱུག་འབད་དགོ་ནི་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ ཡོངས་གྲགས་ཅན་གྱི་ ཡེ་ཏི་ཟེར་ མི་རྒོད་ཚུ་འགྱོ་སའི་ ལམ་བདའ་སྟེ་ ཨིསི་ནོ་མེན་རྐང་འགྲུལ་ཐོག་ རྒྱུག་འགྲན་འབད་ནི་ཨིན་པས།
ཨིསི་ནོ་མེན་རྐང་འགྲུལ་དེ་ འཛམ་གླིང་ནང་ གངས་ཆེན་མཐོ་ཤོས་ ཨེ་བི་རེསི་གུ་ འགྱོ་མི་ཚུ་དང་ཕྱདཔ་ད་ ཉུང་སུ་ཅིག་གིས་ ལྷོད་ཚུགས་ཏེ་ཡོདཔ་ད་ རྐང་ལམ་དེ་གིས་ ལ་མཐོ་སར་ཡོད་མི་གཡུས་ཚན་དང་ ཤར་ཕྱོགས་དང་དབུས་ཕྱོགས་ དེ་ལས་ ནུབ་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་དང་ མཐུད་སྦྲེལ་འབདཝ་ཨིན་པས།
ལས་རིམ་དེ་ཡང་ སྐོབས་ཚུད་རྒྱལ་ཁབ་ཆུང་ཀུ་ཅིག་གིས་ འགོ་འདྲེན་འཐབ་མི་དེ་ལུ་ རྒྱུག་འགྲན་བ་ལྷག་པའི་ གནམ་གཤིས་འགྱུར་བགྲོད་ཀྱི་སྐོར་ལས་ གོ་བརྡ་ཁྱབ་སྤེལ་འབད་ནིའི་ དམིགས་ཡུལ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ལ་མཐོ་ས་ཚུ་ནང་ ཞབས་ཀྱིས་བཅགས་ཏེ་ གནམ་གཤིས་འགྱུར་བགྲོད་ཀྱི་ འགྱུར་བ་ཚུ་གཟིགས་གནང་མི་ལུ་ གཞི་བཞག་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱུག་འགྲན་སྐབས་ ས་ཁོངས་ཚུ་ག་ར་ གནམ་གཤིས་འགྱུར་བགྲོད་ཀྱིས་ ག་དེ་སྦེ་ གནོད་པ་རྐྱབ་སྟེ་ཡོདཔ་ཨིན་ན་ཚུ་ ཁ་གསལ་སྦེ་ མཐོང་ཚུགས་པའི་ས་ཁོངས་ཚུ་ནང་ལས་ རྒྱུག་ནི་ཨིན་པའི་ཁར་ གངས་ཀྱི་ཁཝ་བཞུ་ཡོད་མི་ཚུ་ཡང་ མཐོང་ཚུགས་ནི་ཨིན་པས།
འབྲུག་རྒྱལ་ཁབ་འདི་ དུག་རླུང་ཉུང་བའི་ རྒྱལ་ཁབ་ཅིག་ཨིན་རུང་ རྒྱལ་ཁབ་ཀྱི་གློག་ཤུགས་དང་ ཨ་རིང་གི་ཆུ་ དེ་ལས་ གཙང་ཆུ་ཚུ་གི་ རྐ་འགོ་ཨིན་མི་ ཁྱེགས་ཚུ་ མགྱོགས་དྲགས་སྦེ་ བཞུ་འགྱོ་དོ་ཡོདཔ་ཨིན་པས།
ཁྱེགས་བཞུ་མི་ལུ་བརྟེན་ ཁྱེགས་དང་ ཁྱེགས་ཀྱི་འོག་ལུ་ཡོད་མི་ ས་དང་རྡོ་ཚུ་ཆད་དེ་ ཆུ་རུད་འཐོན་ནིའི་ ཉེན་ཁ་ཡོདཔ་ཨིན་པས།

གནམ་གཤིས་འགྱུར་བགྲོད་ཀྱི་གནོད་པ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཚུ་ ཁ་གསལ་སྦེ་ ཤེས་ཚུགསཔ་ལས་ གདོང་ལེན་ཚུ་ ག་དེ་སྦེ་ འབད་ནི་ཨིན་ནའི་ དྲན་ཚོར་འབད་ཚུགསཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ ལས་རིམ་དེའི་སྐོར་ལས་ ངོ་སྤྲོད་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ ལས་རིམ་དེ་ མི་དབང་མངའ་ཞབས་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཨིནམ་ལས་ དེ་གིས་ འབྲུག་དང་ རྒྱལཔོ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་ཉམས་སྲུང་དོན་ལུ་ དབུ་ཁྲིད་དང་མཛད་བྱ་ཚུའི་་སྐོར་ལས་ གསལ་བཀོད་འབདཝ་ཨིན་ཟེར་ ཨིན་པས།
ལས་རིམ་གྱི་ བཀོད་ཚོགས་འཐུས་མི་ འཛམ་གླིང་རི་དྭགས་མ་དངུལ་གྱི་ རྒྱལ་ཁབ་ངོ་ཚབ་ བདེ་ཆེན་རྡོ་རྗེ་གིས་ བཤད་མིའི་ནང་ ལས་རིམ་དེ་ལུ་བརྟེན་ འཛམ་གླིང་ག་ར་གིས་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་འབད་ནིའི་དོན་ལུ་ མཉབ་རུབ་འབད་དགོ་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ ཨིན་པས།
ཁོ་གིས་བཤད་མིའི་ནང་ བང་རྒྱུག་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གདོང་ལེན་སྦོམ་འབྱུང་ནི་ཨིནམ་མ་ཚད་ རྒྱལ་སྤྱིའི་འགོ་ཁྲིདཔ་དང་ རྒྱལ་སྤྱིའི་མི་སྡེ་ཚུ་ལུ་ ནམ་ཡང་འབྱུང་མ་མྱོང་བའི་ གདོང་ལེན་མ་བྱུངམ་ལས་ སྔོན་འགོག་འབད་ནི་དེ་ ག་དེམ་ཅིག་ ཚབས་ཆེན་ཡོདཔ་ཨིན་ན་ ཧ་གོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
བདེ་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ བང་རྒྱུག་ལས་རིམ་དེ་གིས་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མི་ རང་བཞིན་གནས་སྟངས་སྲུང་སྐྱོབ་ནང་ མཁས་མཆོག་ཨིན་མི་ རྒྱལཔོ་ཚུ་གིས་ དེ་གི་གདོང་ལེན་ལུ་ ཕྱག་ལཱ་ག་དེ་སྦེ་ གནངམ་ཨིན་ན་ བརྡ་སྟོན་འབད་ནིའི་དོན་ལུ་ཡང་ ཨིན་ཟེར་ཨིན་པས།
མི་དབང་མཆོག་གིས་ ལ་ཁའི་གཡུས་ཚན་ཚུ་བརྒྱུད་དེ་ མི་སེར་ཚུ་དང་གཅིག་ཁར་ གནམ་གཤིས་འགྱུར་བགྲོད་དང་ དེའི་ཕན་གནོད་ཚུ་གི་སྐོར་ལས་ གསུངས་ཏེ་ཡོད་ཟེར་ ཨིན་པས།
ལས་རིམ་དེ་ སྤྱི་ལོ་༢༠༢༠ ལུ་ རྒྱལ་ཁབ་ནང་ འཛམ་གླིང་སྤྱི་ཚོགས་ལས་རིམ་ གཞི་བཙུགས་འབད་དེ་ ལོ་ངོ་༧༥ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཨིནམ་ད་ ལོ་དེ་ནང་ ཡུན་བརྟན་གོང་འཕེལ་དམིགས་དོན་གྱི་ ལོ་ལྔའི་བསྐྱར་ཞིབ་དེ་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྒྱལ་སྤྱིའི་མི་སྡེ་གིས་ སྐྱེ་ལྡན་རིགས་སྣའི་ བསྐྱར་ཞིབ་དེ་ཡང་ སང་ཕོད་ འགོ་འདྲེན་འཐབ་ནི་ཨིན་པས།
འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱིས་ སྤྱི་ལོ་༢༠༢༠ གནམ་གཤིས་འགྱུར་བགྲོད་དང་ རང་བཞིན་གནས་སྟངས་སྐོར་ལས་ དམིགས་བསལ་སྲིད་བྱུས་བཟོ་ནིའི་ ལོ་ཅིག་སྦེ་ ངོས་འཛིན་འབདཝ་ཨིན་པས།
མི་ཚུ་ལུ་ གོང་འཕེལ་གྱི་མཐུན་རྐྱེན་ཚུ་ འཐོབ་ནི་ཨིན་རུང་ རང་བཞིན་གནས་སྟངས་ལུ་ གནོད་ཉེན་ཐོག་ལས་ མི་བྱིན་ཟེར་ཨིནམ་ད་ ཡུན་བརྟན་དང་གོང་འཕེལ་དོན་ལུ་ འཕྲུལ་རིག་དང་ཐབས་བྱུས་ཚུ་ བལྟ་འོང་ཟེར་ཨིན་པས།
ལས་རིམ་དེ་དང་འབྲེལ་ ཨིསི་ནོ་མེན་རྒྱུག་འགྲན་ལས་རིམ་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཅིག་ཡང་ འགོ་འབྱེད་འབད་ཡོདཔ་ད་ དྲུང་ཆེན་ཡིག་ཚང་གིས་ ཡོངས་འབྲེལ་གྱི་ ངོ་རྟགས་འགྲན་བསྡུར་དོན་ལས་ བཅའ་མར་གཏོགས་མི་ཚུ་ འབོ་དོ་ཡོདཔ་ལས་ ངོ་རྟགས་གདམ་འཐུ་འབད་མི་ལུ་ གསོལ་རས་ཡང་ བྱིན་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

བགོ་བཤའ་ཚུ་ལུ་ ཚད་ལས་བརྒལ་བའི་ རིན་བསྡུར་འབད་མི་ཐོན་ཡོདཔ།

༉ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བགོ་བཤའ་ཚུ་ བཙོང་པའི་སྐབས་ རིན་བསྡུར་འབད་མི་ ཚད་ལས་བརྒལ་ཏེ་ ཐོན་ཡོདཔ་ཨིན་པས། རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གི་ བཀོད་ཁྱབ་གཙོ་འཛིན་ རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བགོ་བཤའ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *