གནམ་གཤིས་ཞབས་ཏོག་གི་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

གནམ་གཤིས་ཞབས་ཏོག་གི་ བརྡ་དོན་དང་ གོ་བརྡ་སྤེལ་དགོཔ།

༉ ཉིན་གྲངས་གསུམ་གྱི་རིང་གི་ གནམ་གཤིས་ཞབས་ཏོག་གི་ གོ་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ བསྡུ་ཡོདཔ་བཞིན་དུ་ དེ་ནང་བཅའ་མར་གཏོགས་མི་ འབྲེལ་ཡོད་ལས་སྡེ་དང་ ལས་ཁུངས་ཚུ་གིས་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་ལུ་ གྲོས་འདེབས་བཙུགས་ཡོདཔ་ཨིན།

བཅའ་མར་གཏོགས་མི་ཚུ་གི་བར་ན་ སྡེ་ཚན་བཟོ་ཞིནམ་ལས་ གྲོས་འདེབས་དང་གདོང་ལེན་ ག་ཅི་ར་ཡོདཔ་ཨིན་ན་ཚུ་ སྙན་ཞུ་འབད་དགོཔ་སྦེ་ སླབ་པའི་སྐབས་ སྡེ་ཚན་བཞིཔོ་ཆ་ར་གིས་ གནམ་གཤིས་ཀྱི་ཞབས་ཏོག་ཚུ་ ག་ཅི་ར་ བྱིན་དོ་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་དང་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་དགོཔ་སྦེ་ཨིན་པས།

དེ་མ་ཚད་ ད་ལྟོ་ཚུན་ ཞབས་ཏོག་བྱིན་མིའི་ ཁ་ཐུག་ལས་འབད་རུང་ སོ་ནམ་པ་ཚུ་ལུ་ གནམ་གཤིས་གནས་སྟངས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ འགོ་དཔོན་གཅིག་ བསྐོ་བཞག་འབད་དེ་མིན་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ ད་ལས་ཕར་ གནམ་གཤིས་གནས་སྟངས་ཀྱི་སྐོར་ལས་ བརྡ་དོན་ཚུ་ བཀྲམ་སྤེལ་འབད་མི་ ལས་བྱེདཔ་ཅིག་ལུ་ སྦྱོང་བརྡར་བྱིན་ཏེ་ བརྡ་སྤྲོད་སྤེལ་ནི་དང་ ད་ལྟོ་ཡོད་མི་ གནམ་གཤིས་ཀྱི་ཞབས་ཏོག་ཚུ་ ལེགས་བཅོས་འབད་ཞིནམ་ལས་ བརྡ་དོན་གཏན་འཁེལ་སྦེ་ འབད་དགོཔ་དེ་ཡང་ ཁག་ཆེ་བས་ཟེར་ཨིན་པས།

རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ ཉིན་བསྟར་བཞིན་དུ་ གནམ་གཤིས་གནས་སྟངས་ཚུ་ བརྡ་བརྒྱུད་ཀྱི་ཐོག་ལས་ གསལ་བསྒྲགས་འབད་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ གཏན་འཁེལ་མེད་མི་དེ་གིས་ མི་ཚུ་ ཡིད་ཆེས་བསྐྱེད་མ་ཚུགསཔ་ལས་ བློ་གཏད་མི་ཡང་ ཉུང་མས་ཟེར་ཨིན་པས།

རྒྱལ་ཡོངས་ཆུ་དང་གནས་གཤིས་བརྟག་དཔྱད་ལྟེ་བའི་འགོ་དཔོན་ ཊེ་བ་བུ་ད་ ཏ་མང་གིས་ བཤད་མི་དང་འཁྲིལཝ་ད་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ གནམ་གཤིས་གནས་སྟངས་གསལ་བསྒྲགས་འབད་ནི་དེ་ ལོག་ལྟབ་ཡར་དྲག་སོང་སྟེ་ ཡོད་ཟེར་ཨིན་པས།

མ་གཞི་ མི་སེར་ཚུ་གིས་ དེ་སྦེ་མནོ་མི་དེ་ཡང་ བདེན་ཟེར་ཨིནམ་ད་ དེ་ཡང་ གནམ་གཤིས་བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་ཚུ་ དཔེར་ན་ ཐིམ་ཕུག་ལུ་འབད་བ་ཅིན་ སེམས་རྟོགས་ཁ་ལུ་ བཙུགས་ཏེ་ཡོདཔ་ལས་ འཕྲུལ་ཆས་དེ་གིས་ བརྟག་དཔྱད་འབདཝ་ད་ ས་ཁོངས་དེ་ནང་ ཆརཔ་རྐྱབ་ནི་ཨིནམ་སྦེ་ཐོན་ཏེ་ ཁོང་གིས་ གསལ་བསྒྲགས་འབདཝ་ད་ རྐྱངམ་གཅིག་མ་གཏོགས་ ཐིམ་ཕུག་གི་ ས་གནས་གཞན་ཁར་ ཆརཔ་མ་རྐྱབ་ནི་དེ་གིས་ གསལ་བསྒྲགས་དེ་ལུ་ ཆ་མི་བཞག་པས་ཟེར་ཨིན་པས།

རྒྱལ་ཁབ་ནང་ གནམ་གཤིས་བརྟག་དཔྱད་ཀྱི་ འཕྲུལ་ཆས་༨༠ དེ་ཅིག་ ས་གནས་ཐདམ་ཐད་ཁར་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ སོ་ནམ་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་ལས་ འགོ་དཔོན་ ས་གར་ ཨ་ཅར་ཡ་གིས་འབད་བ་ཅིན་ དུས་ཅི་གི་ཐད་ཁར་ སྤ་རོ་ལུ་ འབྱ་མ་བསྡུ་བའི་ཧེ་མ་ གནམ་གཤིས་གནས་སྟངས་ཀྱི་ གསལ་བསྒྲགས་འབད་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ལོ་ཐོག་བརྒྱ་ཆ་༩༠ ལྷགཔ་ཅིག་ ཆརཔ་ལས་ ཉེན་སྐྱོབ་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།

འདས་པའི་ལོ་གཅིག་ནང་ གནམ་གཤིས་གནས་སྟངས་ཀྱི་ གསལ་བསྒྲགས་དེ་ལུ་ ཆ་མ་བཞག་པར་ སོ་ནམ་པ་ཚུ་གིས་ སྣང་མེད་སྐྱུར་བཞག་མི་དེ་གིས་ ལོ་ཐོག་མང་ཤོས་ཅིག་ ཆརཔ་གིས་ སྦང་ཡོད་པའི་ ལོ་རྒྱུས་ཐོན་ཡི་ཟེར་ཨིན་པས།

ད་ལྟོ་ཚུན་ཚོད་ཀྱི་བར་ན་ འབྲེལ་ཡོད་ལས་སྡེ་དང་ལས་ཁུངས་ དེ་ལས་ གནམ་གཤིས་ཀྱི་ ཞབས་ཏོག་བྱིན་མི་གཉིས་ཀྱི་བར་ན་ མཉམ་འབྲེལ་མེདཔ་ལས་ བརྡ་དོན་ཚུ་ ལེགས་ཤོམ་སྦེ་ སྤེལ་མ་ཚུགས་པའི་ གདོང་ལེན་འདུག་ཟེར་ཨིན་པས།

ཨིན་རུང་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ གློག་རིག་ཡོངས་འབྲེལ་ཐོག་ལས་ གནམ་གཤིས་ཀྱི་ ཞབས་ཏོག་ཚུ་ འཐོབ་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོདཔ་ལས་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་དོ་འོང་ཟེར་ཨིན་པས།

ད་ལྟོ་ཚུན་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ གནམ་གཤིས་གནས་སྟངས་ཚུ་ བྱིན་ཚུགས་དོ་ཡོདཔ་ད་ མ་དངུལ་གྱིས་ལང་པ་ཅིན་ ཉིན་གྲངས་༥ གི་ གནམ་གཤིས་གནས་སྟངས་ཀྱི་ བརྡ་དོན་ཚུ་ བྱིན་ཚུགསཔ་སྦེ་ར་ བཟོ་ནི་ཨིན་ཟེར་ ཊེ་བ་བ་ད་ ཏ་མང་གིས་ བཤདཔ་ཨིན་པས།

མ་འོངས་པ་ལུ་ གནམ་གཤིས་ཀྱི་ བརྡ་དོན་སྤེལ་ནིའི་ འགན་ཁུར་སྦོམ་ཤོས་ཅིག་ བརྡ་བརྒྱུདཔ་ཚུ་ཨིནམ་ལས་ ཁོང་ལུ་ཡང་ སྦྱོང་བརྡར་བྱིན་དགོཔ་ ཁག་ཆེ་བའི་སྐོར་ལས་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *