གནམ་གཤིས་གནས་སྡུད་ ཞིབ་འཚོལ་དང་སློབ་སྦྱོང་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ འབྲེལ་ཡོད་ལས་སྡེ་དང་ ལས་འཛིན་ཚུ་གི་བར་ན་ གནམ་གཤིས་ཀྱི་ཞབས་ཏོག་ ག་དེ་སྦེ་ བྱིན་ནི་ཨིན་ནའི་སྐོར་ལས་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།

ཉིན་གྲངས་གསུམ་གྱི་ གོ་བསྡུར་ཞལ་འཛོམས་དེ་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལས་སྡེ་ལྟེ་བ་དང་ འཛམ་གླིང་གནམ་གཤིས་བརྟག་དཔྱད་ལས་སྡེ་ དེ་ལས་ རྒྱ་གར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཅི།

སོ་ནམ་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་ལས་ སོ་ནམ་འགོ་དཔོན་ ས་གར་ཨ་ཅར་ཡ་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ སོ་ནམ་ལས་ཁུངས་ནང་ གནམ་གཤིས་ཀྱི་གནས་སྡུད་དེ་ ལག་ལེན་གངམ་ འཐབ་ནི་མེད་ཟེར་ཨིན་པས།

གནམ་གཤིས་ཀྱི་གནས་སྡུད་དེ་ མང་ཆེ་ཤོས་ཅིག་ ཞིབ་འཚོལ་དང་ སློབ་སྦྱོང་གི་དོན་ལུ་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།

སོ་ནམ་ལས་ཁུངས་ཀྱིས་ གནམ་གཤིས་ཀྱི་གནས་སྡུད་ཚུ་ ལོ་ཐོག་ཡུན་བརྟན་གྱི་ ས་ཁྲ་བཟོ་བའི་སྐབས་ལུ་དང་ མ་འོངས་པའི་ སྲིད་བྱུས་རྩམ་མི དེ་ལས་ ཞིབ་འཚོལ་པ་ཚུ་གིས་ ལག་ལེན་འཐབ་མས་ཟེར་ཨིན་པས།

དེ་སྦེ་ ལག་ལེན་མ་འཐབ་མི་དེ་ཡང་ གནས་སྡུད་ཚུ་ འཇམ་ཏོང་ཏོ་མེད་མི་དང་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་ཚུ་གིས་ གནས་སྡུད་བྱིན་མི་ཚུ་ ཧ་གོ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།

གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ དཔེ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ལོ་ཐོག་ལུ་ ནད་གཞི་དང་ ཨར་མི་ཝམ་ཟེར་མི་ ནད་འབུབ་ལ་སོགས་ཚུ་ ཐོན་པའི་སྐབས་ལུ་ཡང་ དེ་འཕྲོ་ལས་ གདོང་ལེན་འབད་དགོཔ་བྱུང་མི་དེ་ཡང་ ཧེ་མ་ལས་ དེ་བཟུམ་འཐོན་འོང་ཟེར་ ཤེས་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

དེ་བཟུམ་གྱི་ དཀའ་ངལ་ཐོན་དགོ་མི་དེ་ཡང་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ གནམ་གཤིས་ཀྱི་སྐོར་ལས་ སྲིད་བྱུས་རྩམ་མི་དང་ ཞིབ་འཚོལ་པ་ཚུ་ལུ་ གོ་བ་བརྡ་སྤྲོད་མེད་མི་དང་ ལྟེ་བ་ལུ་ མི་སྟོབས་དང་ འཕྲུལ་ཆས་མ་ལང་པའི་དཀའ་ངལ་ དེ་ལས་ རྐྱེན་ངན་ཚུ་མ་ཐོན་པའི་ཧེ་མ་ལས་ ཉེན་བརྡ་གི་ བརྡ་བཀོད་འབད་ནི་ཚུ་ མེད་མི་ལུ་བརྟེན་ཏེ་ཨིནམ་སྦེ་ ས་གར་ཨ་ཅར་ཡ་གིས་ བཤདཔ་ཨིན་པས།

སོ་ནམ་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ རྒྱལ་ཡོངས་ཆུ་དང་གནམ་གཤིས་ལྟེ་བ་ལས་ གནས་སྡུད་ཚུ་ ལེན་དགོ་པ་ཅིན་ འབྲི་ཤོག་ཚུ་ བཙུགས་དགོཔ་ལས་ ག་དེམ་ཅིག་སྦེ་ གློ་བུར་དུ་དགོཔ་འཐོན་པ་ཅིན་ དཀའ་ངལ་འདུག་ཟེར་ཨིན་པས།

ཨིན་རུང་ རྒྱལ་ཡོངས་ཆུ་དང་གནམ་གཤིས་ལྟེ་བའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནས་སྡུད་ཚུ་ འཕྲལ་མགྱོགས་ར་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགསཔ་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བའི་ གནམ་གཤིས་སྡེ་ཚན་ལས་ མཚན་མཆོག་རྡོ་རྗེ་གིས་འབད་བ་ཅིན་ ལྟེ་བའི་འགན་ཁུར་དེ་ཡང་ ཆུ་དང་གནམ་གཤིས་ཀྱི་གནས་སྡུད་ཚུ་ གཏན་འཁེལ་དང་ བརྟན་ཏོག་ཏོ་སྦེ་ བྱིན་ནི་དེ་ཨིནམ་ད་ དེ་གིས་ འཆར་གཞི་དང་ གྲོས་ཐག་བཅད་ནིའི་ནང་ ཕན་ཐོགས་འབྱུང་ཐབས་ལུ་ཨིནམ་སྦེ་ བཤད་ཅི།

དེ་ནང་ལས་ཡང་ གནམ་གཤིས་ཀྱི་ཞབས་ཏོག་ཚུ་ སོ་ནམ་ལས་སྡེ་ཚུ་ལུ་ བྱིན་ནི་དེ་ ལྟེ་བའི་འགན་ཁུར་གཙོ་ཅན་ཅིག་སྦེ་ བརྩི་དོ་ཟེར་ཨིན་པས།

ད་རེས་ཀྱི་ གོ་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ འབྲུག་པའི་སོ་ནམ་ལས་སྡེ་ཚུ་གི་བར་ན་ གནམ་གཤིས་ཀྱི་ཞབས་ཏོག་ཚུ་ ག་དེ་སྦེ་ སྤྲོད་དགོཔ་ཨིན་ན་དང་ ཁོང་ལུ་ དགོས་མཁོ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

གོ་བསྡུར་ཞལ་འཛོམས་དེ་ ནངས་པར་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *