གནད་དོན་དེ་ལུ་ མི་སྡེ་བརྡ་བརྒྱུད་གདོང་དེབ་ནང་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་མི་ གཤམ་གསལ་ལྟར།

༡༽ རྒྱལ་ཁབ་རང་དབང་རང་བཙན་གྱི་ངོ་རྟགས་ རྒྱལ་ཡོངས་སྐད་ཡིག་འདི་ མི་ཉམས་གོང་འཕེལ་དང་ དར་ཁྱབ་ཀྱི་མཐའ་དོན་ལུ་དམིགས་ཏེ་ ངག་གཤིས་ལུ་ གཞི་བཞག་སྟེ་ རྫོང་ཁའི་མིང་ཚིག་གསརཔ་ ཆ་འཇོག་གནང་དགོཔ་གལ་ཆེ་རུང་ གཡུ་པ་དེ་ དཔལ་ཁང་ཆོས་མཛད་ལོ་ཙཱ་བས་མཛད་པའི་ བརྡ་ཡིག་ངག་སྒྲོན་དང་ ཐུ་མི་མཁན་པོ་སམ་བྷོ་ཊ་གིས་མཛད་པའི་ སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ དགོངས་དོན་དང་འཁྲིལ་བའི་ ཡིག་སྡེབ་དང་ བྱ་བྱེད་ལས་གསུམ་ བདག་གཞན་དུས་གསུམ་ལ་སོགས་པའི་རྣམ་གཞག་ཚུ་ལུ་ གཞི་བཟུང་པ་ཅིན་ མི་དྲག་ག་ཟེར་ ཞུ་ནི་དང་ ངག་གཤིས་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་སྡོད་པ་ཅིན་ རྫོང་ཁའི་གཞི་རྟེན་རྩ་བ་ལས་ ཡལ་ནིའི་ཉེན་ཁ་མེད་ག་ཟེར་ ཞུ་ནི་ཨིན།
འཕྲིན་ལས།

༢༽ དབང་ཚད་ཅན་གྱིས་ བཟོ་མི་དེ་ འཛོལ་སོང་རུང་ ཆ་འཇོག་འབད་དགོཔ་གལ་ཆེ།
ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ བདག་འཛིན་འཐབ་ནི་དང་ ལེགས་བཅོས་འབད་ནི་ཚུ་ འབྲུག་མི་ཡོངས་ཀྱི་ འགན་ཁུར་ཨིན་རུང་ རྫོང་ཁའི་ཡིག་སྡེབ་དང་ བརྡ་སྦྱོར་ལ་སོགས་པ་ཚུ་གི་ དབང་ཚད་ག་ར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ནོར་ལུ་རྟ་ཟེར་ བྲིས་ཏེ་འབད་རུང་ ང་བཅས་ཆ་ཁྱབ་ཀྱིས་ ཆ་འཇོག་མ་འབད་བར་ བྱ་ཐབས་མེད་པའི་ གནད་ལུ་གྱུར་ཡོདཔ་ཨིནམ་ འབྲུག་མི་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིནམ་ལས་ ཞུ་དགོཔ་ཅིག་ ག་ནི་ཡང་མ་མཐོང་།
ཨིན་རུང་ ད་རེས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཆ་འཇོག་མཛད་མི་ ཡིག་སྡེབ་ཚུ་ག་ར་ ངག་གཤིས་དང་མཐུན་ཏེ་ཨིན་ཟེར་ བཀོད་དེ་ཡོད་མི་ལུ་ བལྟ་བ་ཅིན་ ད་ལས་ཕར་ ཆོས་སྐད་ཀྱི་ ཡིག་སྡེབ་དང་ སྒྲ་སྦྱོར་ལ་སོགས་པ་ཚུ་ ག་ནི་ཡང་མེད་པར་ ཁ་ལས་ག་སླབ་མི་དེ་ ངག་གཤིས་དང་བསྟུན་ཏེ་ འབྲི་བ་ཅིན་ བཏུབ་ནི་བཟུམ་ཅིག་གི་ སྣང་བ་ཤར་ཡི་ཟེར་ ཞུ་ནི་ཨིན།
བྷུ་ཊཱན་ ཨེསི་ཨེན་ཨི།

༣༽ ཐག་བཏོག་ནི་དེ་ ག་གིས་ཡང་ ལཱ་ཁག་འོང་ཟེར་མནོཝ་མས། ཡིག་སྡེབ་ཚུ་ག་ར་ ངག་གཤིས་ལུ་ གཞི་བཞག་པ་ཅིན་ བྱེད་སྒྲའི་ཚིག་ཚུ་ཡང་ ཀྱི་གི་གྱི་ཟེར་ ལག་ལེན་འཐབ་རུང་ ཁྱད་མེདཔ་སྦེ་ ཆ་འཇོག་གནངམ་ཨིན་ན་སྨོ? ཡི་གུའི་སྡེབ་ ག་གིས་ག་ཅི་ ཐག་བཏོག་རུང་ ཡོངས་གྲགས་སོང་ཡོད་པའི་ སྡེབ་སྦྱོར་ཚུ་ བསྒྱུར་བཅོས་བཏང་རུང་ ལག་ལེན་བཀག་ཆ་འབད་ཚུགས་པར་ ལཱ་ཁག་འོང་།
དེ་འབད་ནི་འདི་གིས་ བརྡ་ཡིག་རྣམ་གཞག་ལས་ བརྒལ་བ་མེད་པའི་ སྡེབ་སྦྱོར་ལག་ལེན་ཡོངས་གྲགས་ཡོད་མི་ཚུ་ བསྒྱུར་བཅོས་འབད་ནི་དེ་ གནམ་མེད་ས་མེད་ ནོར་བ་སྦེ་ མཇལཝ་མ་ཚད་ ད་ལས་ཕར་ བརྡ་དོན་གྱི་ རྣམ་གཞག་ལས་བརྒལ་བའི་ སྡེབ་སྦྱོར་གྱི་རིགས་ ལག་ལེན་དར་ཁྱབ་ལས་བཀག་ནིའི་ ཐབས་ལམ་བཏོན་དགོཔ་གལ་ཆེ་རུང་ ཡོངས་གྲགས་ལག་ལེན་དར་ཁྱབ་སོང་ཡོད་པའི་ སྡེབ་སྦྱོར་བསྒྱུར་བཅོས་འབད་ནི་དེ་གིས་ རྩོད་པ་གླེང་བའི་གཞི་མ་གཏོགས་ ཕན་ཐོགས་ཀྱི་ གོ་སྐབས་ཅིག་ མི་མཇལ་བས་ཟེར་ བསམ་འཆར་སྦེ་ ཞུཝ་ཨིན་ལགས།
བསམ་གཏན་བསམ་མེད་ཡེ་ཤེས།

༤༽ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ངག་གཤིས་ལུ་ གཞི་བཟུང་ནི་ཨིན་པ་ཅིན་ ད་ཚུན་ ལྷན་ཚོགས་ཀྱིས་ ཚིག་མཛོད་མང་རབས་ཅིག་ གསར་བཏོན་མཛད་མི་ཚུ་ ངག་གཤིས་དང་ མ་མཐུན་ཨིན་ན?
ཚིག་མཛོད་ལུ་བརྟེན་ ལག་ལེན་འཐབ་མི་ཚུ་གི་རྒྱུད་ལུ་ ཤུམ་ཚུད་ཚརཝ་ད་ ད་རུང་ གྲོས་འཛོམས་འཚོགས་ཏེ་ གྲོས་ཆོད་གསརཔ་བཏོན་ཡི་ར་ སྡོད་པ་ཅིན་ དུས་ནམ་ཟེར་མི་ལུ་ གཏན་འཁེལ་འགྱོ་ནི་ཨིན་ན་ མགུ་འཐུམ་དོ་ཟེར་ཞུ་ནི།
ད་ཚུན་ གྲོས་འཛོམས་འཚོགས་མི་ལས་ ཡིག་སྡེབ་དེ་ཅིག་ལས་བརྒལ་ ངག་གཤིས་དང་མཐུནམ་ བཟོ་མ་དགོཔ་ཨིན་ན་ ཡང་ཅིན་ ད་ལྟོ་ གྲོས་འཛོམས་འཚོགས་པའི་བསྒང་ཨིན་ན་ ཕྱི་ནང་གི་ཐོག་ལས་ གསལ་སྟོན་མཛད་གནང་ཟེར་ཞུ་ནི། འདི་རང་རྐྱང་གི་ བསམ་འཆར་ཞུཝ་ཨིན་ལགས།

བཀྲིས་ཕུན་ཚོགས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *