གནད་དོན་གྱི་ཁྱད་པར་མེད་པར་ ཟུར་བཞག་ནང་ བདུན་ཕྲག་རེ་ ངེས་པར་དུ་སྡོད་དགོཔ།

༉ ཧེ་མ་འབད་བ་ཅིན་ གློ་བུར་གྱི་ གནད་དོན་ཐོག་ལུ་ ཉེན་ཁ་ཆེ་བའི་ས་ཁོངས་ནང་ལས་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་ འོང་པའི་སྐབས་ འགྲོ་འགྲུལ་པ་ གཞན་ཚུ་བཟུམ་སྦེ་ བདུན་ཕྲག་༡ གི་རིང་ ཟུར་བཞག་ནང་ སྡོད་མ་དགོཔ་ཨིན་རུང་ ད་ལས་ཕར་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོཔ་ཨིན་པས།

དེ་ཡང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་གིས་གསུངས་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ དཔྱེ་འབད་བ་ཅིན་ ཕུན་ཚོགས་གླིང་ལས་ ནདཔ་ཅིག་ སྨན་བཅོས་ཀྱི་དོན་ལུ་ ཐིམ་ཕུག་ལུ་ ནདཔ་སྐྱེལ་དྲེན་སྣུམ་འཁོར་ནང་ བཙུགས་གཏང་པ་ཅིན་ ཐིམ་ཕུག་སྨན་ཁང་ནང་ འཛུལ་ནིའི་དོན་ལུ་ བདུན་ཕྲག་༡ ངེས་པར་དུ་ ཟུར་བཞག་ནང་སྡོད་དགོཔ་ད་ ག་དེམ་ཅིག་སྦེ་ རང་གི་ཕམ་ར་ ཤི་སོ་རུང་ སྒྲིག་གཞི་དེ་ལུ་ གནས་དགོ་ཟེར་ཨིན་པས།

རང་གི་ཨ་ལོ་ ནདཔ་ཚབས་ཆེན་བཞག་སའི་ ཁང་མིག་ནང་ཡོད་རུང་ ཟུར་བཞག་སྒྲིག་གཞི་དེ་ལུ་ གཙོ་རིམ་བྱིན་དགོཔ་དང་ དེ་ཡང་ གཙོ་བོ་ར་ དེ་བཟུམ་མའི་ ཁག་ཆེ་བའི་གནད་དོན་ཚུ་ གཞུང་གིས་ ཧ་གོ་རུང་ ནད་འབུབ་དེ་ ཤོར་སོ་པ་ཅིན་ མི་སྡེ་མེདཔ་གཏང་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་འབད་རུང་ ནད་ཡམས་དེ་ འགོ་བཙུགས་པའི་བསྒང་ལས་ར་ འགོ་དེ་ ནད་ཡམས་ཀྱིས་བཙུགས་ཏེ་ མཇུག་དེ་ མི་སྡེའི་དཀའ་ངལ་གྱིས་སྦེ་ བསྡུ་ནི་ཨིནམ་ལས་ རིགཔ་བསྒྱིམ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ནངས་པར་ ཉེན་ཁ་ཆེ་བའི་ས་ཁོངས་ ཕུན་ཚོགས་གླིང་བཟུམ་ཅིག་ལས་ ཉེན་ཁ་ཆུང་བའི་ས་ཁོངས་ ཐིམ་ཕུག་ལུ་འོང་པའི་སྐབས་ ཧེ་མར་ ཟུར་བཞག་བདུན་ཕྲག་༡ འབད་མི་དེ་ ད་རེས་ བདུན་ཕྲག་༢ ལུ་ ཡར་སེང་འབད་བའི་ འཐོར་གཏམ་གོ་སྟེ་ མགུ་འཐོམ་བྱུང་རུང་ དེ་མི་བདེན་ཟེར་ བློན་ཆེན་གྱིས་ དོགས་སེལ་འབདཝ་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ མ་གཞི་ གནད་དོན་དེ་གི་སྐོར་ལས་ ལོ་རྒྱུས་ཅིག་ ཐོན་ཡོདཔ་ཨིན་རུང་ ད་ལྟོ་ གྲོས་ཐག་བཅད་བཅདཔ་ མེད་ཟེར་ཨིན་པས།

ད་ལྟོ་ཡོད་མི་ བདུན་ཕྲག་༡ འབད་མི་ ཟུར་བཞག་དེ་ ཉེན་སྲུང་གི་དོན་ལུ་རྐྱངམ་གཅིག་ཨིནམ་ལས་ ནད་འབུབ་ཚུ་ འཐོན་པའི་སྐབས་འབད་བ་ཅིན་ དེ་གིས་ ནད་འབུབ་ཤོར་ནིའི་ཉེན་ཁ་ཡོདཔ་ལས་ དུམ་གྲ་ཅིག་ ཡར་སེང་འབད་དགོ་པས་ཟེར་བའི་ ལོ་རྒྱུས་སླབ་པའི་བསྒང་ཡོད་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ བདུན་ཕྲག་༡ གི་རིང་ ཟུར་བཞག་འབད་བའི་སྐབས་ འགོ་དང་པ་ ཟུར་བཞག་ནང་ བཙུགས་པའི་སྐབས་དང་ དེ་ནང་ལས་བཏོན་པའི་སྐབས་ ཚར་རེ་འབདཝ་ད་ ཚར་༢ རེ་ ནད་འབུབ་བརྟག་དཔྱད་འབད་དགོཔ་ལས་ ཉེན་སྲུང་དང་ལྡན་ཏོག་ཏོ་ཡོད་རུང་ གནས་ཡུན་དེ་ དུམ་གྲ་ཅིག་ ཡར་སེང་འབད་དགོཔ་བཟུམ་ཅིག་སྦེ་ར་ མཐོངམ་མས་ཟེར་ཨིན་པས།

ཨིན་རུང་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་གི་དོན་ལུ་འབད་བ་ཅིན་ ངེས་པར་དུ་ བདུན་ཕྲག་༢ ཟུར་བཞག་འབད་དགོཔ་སྦེ་ བཟོ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *