དག་སྤྱི་འོག་གི་ ལྷ་ཁང་སྦོ་ལོགས་ཁར་ འཕྲལ་ཁམས་ཅིག་ཁར་ བཟོ་སྐྲུན་འབད་མི་ དཀར་མེ་སྟོང་མཆོད་ཕུལ་སའི་ མཆོད་ཁང་།

གནང་བ་མེད་པར་ སྒྲུབ་ཁང་དང་མཚམས་ཁང་ཚུ་ བཟོ་སྐྲུན་འབད་ཡོདཔ།

༉ མོང་སྒར་ སི་ལམ་སྦིས་རྒེད་འོག་གི་ སྒེར་གྱི་ས་ཆ་ནང་ ཁྲིམས་འགལ་ཐོག་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲུབ་ཁང་དང་ མཚམས་ཁང་ དེ་ལས་ ལྷ་ཁང་ཚུ་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ ན་སྒོར་སྤྱི་འོག་ ལའི་བརྒྱུད་གཡུས་ཚན་ནང་ བླམ་པདྨ་སེངྒེ་གིས་ སྒྲུབ་ཁང་དང་ གྲྭ་ཤག་༢ བླ་མའི་གཟིམ་ཅུང་ མགྱོན་ཁྱིམ་ དེ་ལས་ ལྷ་ཁང་༡ གསར་བཞེངས་འབད་མི་དེ་ སྲོལ་འཛིན་ལས་ཁུངས་དང་ རྫོང་ཁག་ལས་ བཟོ་སྐྲུན་འབད་ཆོག་པའི་ གནང་བ་མེདཔ་ཨིན་པས།
ས་ཆ་དེ་ ལའི་བརྒྱུད་གཡུས་མི་ཅིག་གིས་ བླམ་པདྨ་སེངྒེ་ལུ་ ཡོ་བྱེད་སྦེ་ ཕུལ་ཕུལཝ་ཨིནམ་ད་ བླམ་གི་མིང་ཐོག་ལུ་ཡོད་པའི་ སི་ལམ་སྦིས་སྤྱི་འོག་ བསམ་གཏན་དགའ་ཚལ་སྒྲུབ་སྡེ་ནང་ རྩ་བ་ལས་ ཉམས་བཅོས་འབད་མི་ སྒྲུབ་ཁང་དེ་ཡང་ ཁྲིམས་མཐུན་མེནམ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ནང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ལས་ ལོ་༢ ཀྱི་རིང་ ཆོས་དང་འབྲེལ་བའི་བཟོ་བཀོད་དང་ ལྷ་ཁང་དགོན་སྡེ་དང ཧིན་དུ་ལྷ་ཁང་ མཆོད་ཁང་ ཚོགས་ཁང་ མཆོད་རྟེན་ མཚམས་ཁང་ དེ་ལས་ གྲྭ་ཤག་ཚུ་ གསར་བཞེངས་འབད་ནི་ལས་ འཚམས་འཇོག་འབད་དགོ་པའི་ ཁྱབ་བསྒྲགས་གནང་ཡོད་མི་ལས་ འགལ་ཡོདཔ་བཟུམ་ཅིག་སྦེ་ མཐོང་གསལ་བྱུང་ནུག།
སི་ལམ་སྦིས་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ རྒེད་འོག་འཆར་གཞི་གཙོ་རིམ་ནང་བཙུགས་ཏེ་ རྒེད་འོག་འཆར་དངུལ་ལས་ སི་ལམ་སྦིས་སྤྱི་འོག་ནང་ སྒྲུབ་ཁང་ཉམས་བཅོས་ཀྱི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡ གནང་ནུག།
དེ་བཟུམ་སྦེ་ ཝ་མ་སྤྱི་འོག་གི་ དགེ་རབ་གྲྭ་ཚང་བདག་དབང་གི་ ཁྲམ་ཐོག་ལུ་ཡོད་པའི་ ལྷ་ཁང་ཉམས་གསོ་གི་དོན་ལུ་ རྒེད་འོག་འཆར་དངུལ་༢༠༡༥ དང་༢༠༡༦ ལུ་ དངུལ་ཀྲམ་འབུམ་༡༣ གནང་ཡོདཔ་ཨིན་པས།
ས་གནས་གཞུང་ འགོ་ཐོག་བཙག་འཐུ་གྲུབ་མི་ རྒཔོ་བགྲེསཔ་ ཚེ་རིང་རྡོ་རྗེ་གིས་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ཚེས་༡༩ གི་ ཀུན་གསལ་ནང་ སླབ་ཡོད་མི་དང་འཁྲིལ་བ་ཅིན་ སི་ལམ་སྦིས་སྤྱི་འོག་ནང་ བླམ་པདྨ་སེངྒེ་གི་ ཁྲམ་ནང་ཡོད་པའི་ སྒྲུབ་ཁང་ཉམས་བཅོས་ཀྱི་དོན་ལུ་ མ་དངུལ་གནང་མི་དེ་ སྤྱི་འོག་གི་ མི་སེར་ཡོངས་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལུ་ ཨིན་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ཝ་མ་སྤྱི་འོག་གི་ དགེ་རབ་གྲྭ་ཚང་གི་ བདག་དབང་གི་དོན་ལུ་ རྒེད་འོག་འཆར་དངུལ་ལས་ མ་དངུལ་དངུལ་ཀྲམ་འབུམ་༡༣ གནང་མི་དེ་ ན་སྒོར་སྤྱི་འོག་ ལའི་བརྒྱུད་ལུ་ བླམ་གིས་ སྒྲུབ་ཁང་དང་ མཚམས་ཁང་ དེ་ལས་ ལྷ་ཁང་གསར་བཞེངས་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ སླབ་ནུག།
བླམ་པདྨ་སེངྒེ་གིས་ མ་དངུལ་ཐོབ་པའི་ཤུལ་ལས་ ལག་ལེན་འཐབ་མི་ ཤིང་ཆས་ཚུ་ ནགས་ཚལ་གླིང་འཛིན་ཡིག་ཚང་ལས་ གནང་བ་མ་ལེན་པར་ འབད་ཡོདཔ་ཤེས་པའི་ཤུལ་ལས་ ཉེས་བྱ་དངུལ་ཀྲམ་༧༣,༠༠༠ དེ་ཅིག་ ནགས་ཚལ་གླིང་འཛིན་ཡིག་ཚང་ནང་ བཏབ་ཡོདཔ་ཨིན་པས།
ལའི་བརྒྱུད་ལུ་ མཚམས་ཁང་དང་ སྒྲུབ་ཁང་ གྲྭ་ཤག་ མགྲོན་ཁང་ བླ་མའི་གཟིམས་ཅུང་ དེ་ལས་ ལྷ་ཁང་གསར་བཞེངས་འབད་མི་དེ་ ཝ་མ་སྤྱི་འོག་ དགེ་རབ་གྲྭ་ཚང་གི་ མིང་ཐོ་ལུ་ཡོད་པའི་ དགོན་སྡེའི་དོན་ལུ་ རྒེད་འོག་འཆར་དངུལ་ལས་ མ་དངུལ་དངུལ་ཀྲམ་༡༣༠,༠༠༠ གནང་མི་དེ་ ལག་ལེན་འཐབ་ཡོདཔ་སྦེ་ བཀོད་ནུག།
གཞན་དལ་གཞི་འབད་བ་ཅིན་ མ་དངུལ་གནང་མི་དེ་ ཝ་མ་སྤྱི་འོག་ དགེ་རབ་གྲྭ་ཚང་གི་ བདག་དབང་ལུ་ཡོད་པའི་ དགོན་སྡེའི་དོན་ལུ་ཨིན་རུང་ ན་སྒོར་སྤྱི་འོག་ནང་ མ་དངུལ་ལག་ལེན་འཐབ་མི་དེ་ ཁྲིམས་མཐུན་ཡོད་མེད་ ཤེས་རྟོགས་མེདཔ་ཨིན་པས།
བླམ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ རྒེད་འོག་གིས་ གནང་མི་མ་དངུལ་ཚུ་ཡང་ མི་སེར་དང་གྲོས་བསྟུན་འབད་བའི་ཤུལ་ལས་ ཉམས་བཅོས་འབད་ནིའི་དོན་ལུ་ གྲོས་འཆར་སྦེ་ རྒེད་འོག་ནང་ ཞུ་ཡིག་ཚུ་ བཙུགས་མི་དང་འཁྲིལ་ གནང་ནུག་ཟེར་ཨིན་པས།
རྒེད་འོག་འཆར་དངུལ་ སྤྱི་ལོ་༢༠༡༥ དང་༢༠༡༦ ལས་ མ་དངུལ་འབུམ་༢༣ བླམ་པདྨ་སེངྒེ་གི་ སྒྲུབ་ཁང་དང་ མཚམས་ཁང་ཉམས་བཅོས་འབད་ནིའི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ གནང་བ་བྱིན་མི་དེ་ ཁྲིམས་མཐུན་ཡོད་མེད་ ཤེས་རྟོགས་མེདཔ་ཨིན་པས།
ལྷག་པར་དུ་ བླམ་པདྨ་སེངྒེ་གི་ སྒེར་སྤྱོད་ཀྱི་དོན་ལུ་ རྒེད་འོག་འཆར་དངུལ་༢༠༡༥ དང་༢༠༡༦ ནང་ མ་དངུལ་འབུམ་༢༣ གནང་མི་དེ་ རྒེད་འོག་བདག་སྐྱོང་གིས་ བྱིན་ཆོག་པའི་ འོས་འབབ་ཡོད་མེད་ ཤེས་རྟོགས་མེདཔ་ད་ དེ་ཡང་ མི་མང་གི་ ལྷ་ཁང་དང་ དགོན་སྡེ་ཨིན་པ་ཅིན་ འོས་འབབ་ཡོདཔ་བཟུམ་སྦེ་ མཐོང་གསལ་བྱུང་ནུག།
བསམ་གཏན་དགའ་ཚལ་སྒྲུབ་སྡེ་ལས་ བླམ་སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་འཆར་དངུལ་དང་ རྒེད་འོག་གི་ ལཱ་འབད་ནིའི་ཡིག་ཚང་བཀའ་རྒྱ་དང་འཁྲིལ་ སྒྲུབ་ཁང་རྩ་བ་ལས་ ཉམས་བཅོས་འབད་མི་དེ་ ངེས་བདེན་ཨིན་རུང་ རྫོང་ཁག་དང་ གཞུང་ལུ་ བཟོ་སྐྲུན་འབད་དོ་ཟེར་ སྙན་ཞུ་མ་བཀོད་ཟེར་ཨིན་པས།
དག་སྤྱི་འོག་ནང་ སྒེར་སྡེ་གི་མིང་ཐོ་ལུ་ཡོད་པའི་ ས་ཁྲམ་ནང་ དམངས་ཀྱི་ལྷ་ཁང་ གསར་བཞེངས་འབད་མི་དེ་ཡང་ གཞུང་ལས་གནང་བ་མེད་རུང་ རྒེད་འོག་གི་ཧོངས་ལས་ དུས་ཅི་ མ་དངུལ་དངུལ་ཀྲམ་འབུམ་༤ གསེར་ཏོག་དང་ མཆོད་བཤམ་བཟོ་སྐྲུན་འབད་ནིའི་དོན་ལུ་ བྱིན་ཡི་ཟེར་ བླམ་སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསར་བསྒྲུབ་འབད་མི་ དཀར་མེ་སྟོང་མཆོད་ཁང་མིག་དེ་ཡང་ གསརཔ་བཟོ་སྐྲུན་འབད་ནིའི་དོན་ལུ་ ལྷ་ཁང་གསེར་ཏོག་དང་ མཆོད་བཤམ་བཟོ་སྐྲུན་འབད་ནི་ཨིན་པའི་སྐོར་ རྒེད་འོག་ལུ་ སྙན་ཞུ་འབདཝ་ད་ གཅིག་ཁར་སྙན་ཞུ་འབད་ཡོདཔ་ཨིན་རུང་ རྒེད་འོག་ལས་ ཡིག་ཚང་བཀའ་རྒྱ་མ་གནང་ཟེར་ བླམ་སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ ལའི་བརྒྱུད་དང་ ཝ་མ་སྤྱི་འོག་གཡུས་ཚན་ལས་ བརྒལ་ཏེ་ དགེ་རབ་གྲྭ་ཚང་བདག་དབང་གི་ སྒྲུབ་སྡེ་ཚུན་ སོ་ནམ་ཞིང་ལམ་བཏོན་མི་དང་ ཤེས་རི་སྤོང་ལྷ་ཁང་ཚུན་ སོ་ནམ་ཞིང་ལམ་བཏོན་མིའི་སྐོར་ ས་གནས་གཞུང་འགོ་ཐོག་ བཙག་འཐུ་གྲུབ་པའི་སྐབས་ ན་སྒོར་སྤྱི་འོག་གི་ ཚོགས་པ་སྦེ་ ཕྱག་ཞུ་མི་དང་ ད་རེས་ རྒཔོ་སྦེ་ བཙག་འཐུ་གྲུབ་མི་ རྡོ་རྗེ་དབང་ཕྱུག་གིས་ གནད་དོན་དེ་གི་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ།
དེ་བཟུམ་སྦེ་ ལའི་བརྒྱུད་ལུ་ གསར་བཞེངས་འབད་མི་དང་ བསམ་གཏན་དགའ་ཚལ་སྒྲུབ་ཁང་ རྩ་བ་ལས་ ཉམས་བཅོས་འབད་མི་དེ་ གཞུང་ལས་ བཟོ་སྐྲུན་འབད་ཆོག་པའི་ གནང་བ་ཡོད་མེད་དང་ རྫོང་ཁག་སྲོལ་འཛིན་ཡིག་ཚང་ལུ་ སྙན་ཞུ་འབད་དང་ མ་འབད་ཀྱི་སྐོར་ རྒཔོ་རྡོ་རྗེ་དབང་ཕྱུག་གིས་ བསམ་འཆར་ག་ནི་ཡང་ བཤད་མ་བཏུབ།
རྫོང་ཁག་སྲོལ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ སི་ལམ་སྦིས་རྒེད་འོག་ནང་ གནང་བ་མེད་པར་ གསར་བཞེངས་འབད་མི་དང་ རྩ་བ་ལས་ ཉམས་བཅོས་འབད་བའི་སྐོར་ལས་ རྒེད་འོག་བདག་སྐྱོང་ལས་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
གཞུང་ལས་ འཆར་དངུལ་གྱི་ རྒྱབ་སྐྱོར་གནང་ཡོད་རུང་ ལག་འཁོར་མ་ནི་ལས་འགོ་བཙུགས་ གསར་བཞེངས་འབད་ནི་དང་ རྩ་བ་ལས་ ཉམས་བཅོས་འབད་ནི་ཚུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ གནང་བ་ལེན་དགོཔ་ ཨིན་པའི་གནས་ཚུལ།

སི་ལམ་སྦིས་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *