གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ལུ་ མི་མང་ལས་ རྒྱབ་སྐྱོར་འབད་དོ་ཡོདཔ།

༉ བདེ་སྲུངཔ་འཆི་མེད་དབང་མོ་དང་གཅིག་ཁར་ མཉམ་རོགས་༢༦ འབད་མི་ སྡེ་ཚན་གྱིས་ ཐིམ་ཕུག་ལྕང་ཟམ་ཏོག་ལུ་ འབྲུག་བཟཡ་སྤྱོད་ལས་འཛིན་གྱི་ ཚོང་འབྲེལ་ཁང་ནང་ དྲོ་པ་ལས་ གནམ་མ་སྲོ་ཚུན་ ཉེར་མཁོའི་ཅ་ཆས་ཚུ་ གོ་རིམ་སྒྲིག་ནིའི་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།

འཆི་མེད་དབང་མོ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལས་ འབག་འོང་མི་ སྣུམ་འཁོར་ཊཱག་༧ ལས་ ཉེར་མཁོའི་ཅ་ཆས་ཚུ་ ཕབ་ཡོདཔ་བཞིན་དུ་ ད་རེས་ཀྱི་བདུན་ཕྲག་ནང་ དོས་མེ་ཊིག་ཊཱན་༨༠༠ དེ་ཅིག་ ཆུ་རྩལ་ས་ཁོངས་ནང་ བཏོན་མི་ཚུ་ཡང་ ཆུམ་དང་ བཟའ་འཐུང་གི་རིགས་གཞན་ཚུ་ཨིན་ཟེར་ཨིན་པས།

བདེ་སྲུང་ཡིག་ཚང་གིས་ འབྲུག་བཟའ་སྤྱོད་ལས་འཛིན་ནང་ དོ་ཕབ་ལེན་གྱི་ རྒྱབ་སྐྱོར་འབདམི་ ད་རུང་ བདེ་སྲུངཔ་༢༠ དེ་ཅིག་ གསར་བཙུགས་འབད་ནིའི་དོན་ལུ་ ཟུར་བཞག་ནང་ སྡོད་ཡོད་ཟེར་ཨིན་པས།

མ་གཞི་ དོ་ཕབ་ལེན་འབད་ནིའི་ལཱ་དེ་ ལཱ་ཁག་ཡོད་རུང་ མི་མང་གི་ འཚོ་སྐྱོང་དོན་ལུ་ ལཱ་འབད་དོ་ཡོདཔ་ལས་ སེམས་ཤུགས་ཐོབ་མས་ཟེར་ མོ་གིས་ བཤད་པའི་ཁར་ ལཱ་འབད་བའི་སྐབས་ ས་ཁོངས་ནང་ཡོད་མི་ མི་ཚུ་གིས་ བསིལ་ཆུ་དང་ ཟས་རིགས་ཚུ་ བྱིན་ནི་འདུག་ཟེར་ བཤདཔ་ཨིན་པས།

ལྕང་ལྗགས་ལུང་ལུ་ སྐོར་སྲུང་འབད་མི་ བདེ་སྲུངཔ་རྣམ་རྒྱལ་ཡོན་ཏན་གྱིས་ སླབ་མིའི་ནང་ ཐིམ་ཕུག་ལས་ བདེ་སྲུངཔ་ཆ་རོགས་ཅིག་གིས་ ཐར་མོསི་ཇ་དམ་༢༠༠ ཞལ་འདེབས་སྦེ་ བྱིན་མི་གིས་ གནམ་དགུན་ལུ་ གྱང་ཤུགས་ཆེ་བའི་ དུས་ཚོད་ནང་ གནམ་ནུབ་མོ་ལྟ་སྐོར་དང་ ཁྱིམ་དམརཔོ་ཚུ་ ལྟ་རྟོག་འབདཝ་ད་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

བཀྲིས་བཟོ་སྐྲུན་ལས་སྡེ་གིས་ མངར་ཆུ་ཀོ་ཀ་ཀོ་ལ་དང་ ཕེན་ཊ་ ཨིསི་པེ་རེཊི་སྒྲོམ་༢༥༠ དང་ བསིལ་ཆུ་སྒྲོམ་༢༥༠ བདེ་སྲུང་ཡིག་ཚང་ལུ་ ཞལ་འདེབས་འབད་ནུག།

ད་རེས་ ནད་ཡམས་ཀོ་བིཌ་-༡༩ འི་ གདོང་ལེན་འབད་མི་ ཐིམ་ཕུག་ལུ་ བདེ་སྲུངཔ་༢,༠༠༠ དེ་ཅིག་ཡོདཔ་ད་ ཞབས་ཏོག་ཚུ་ཡང་ ནུབ་མོ་སྐོར་སྲུང་དང་ བཞེས་སྒོ་འབད་ནི་ སྤྱང་ཁྱི་ཚུ་ལུ་ ལྟོ་བྱིན་ནི་ ཉེར་མཁོའི་ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནི་ དེ་ལས་ ལྟེ་བ་འཛིན་སྐྱོང་འཐབ་ནི་ཚུ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *