བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་དང་ གདུང་སམ་ཨེ་ཀ་ཌ་མི་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་བསྒང་།

གདུང་སམ་ཨེ་ཀ་ཌ་མི་གིས་ ཨམ་སྲུའི་ཕུཌ་བཱོལ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ བསམ་གྲུབ་ལྗོངས་མཁར་ལུ་སྦེ་ ཨམ་སྲུའི་ཕུཌ་བཱོལ་རྩེད་འགྲན་གྱི་ མཐའ་ཅད་འགྲན་བསྡུར་འབད་བའི་སྐབས་ གདུང་སམ་ཨེ་ཀ་ཌ་མི་གིས་ གཱོལ་༧ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
མཐའ་བཅད་རྩེད་འགྲན་དེ་ཡང་ བདེ་བ་ཐང་འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་དང་ གདུང་སམ་ཨེ་ཀ་ཌ་མི་༢ ཀྱི་བར་ན་ རྩེད་འགྲན་འབད་ཡོདཔ་བཞིན་དུ་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་གིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགས།
རྩེད་འགྲན་འགོ་བཙུགས་ སྐར་མ་༩ ལངམ་ད་ གདུང་སམ་ཨེ་ཀ་ཌ་མི་གི་ ཁེན་འཇར་ཨང་༡༡ པ་གྱོན་མི་ པདྨ་ལྷམོ་གིས་ གཱོལ་༡ བཙུགས་ཡོདཔ་བཞིན་དུ་ ཁེན་འཇར་ཨང་༧ གྱོན་མི་ སི་ཏ་མ་ཡ་རའི་གིས་ སྐར་མ་༡༣ ལུ་ ད་རུང་ གཱོལ་༡ བཙུགས་ཏེ་ རྩེད་འགྲན་དེ་ སྤྲོ་བ་ཆེ་ཏོག་ཏོ་ཅིག་ལུ་གྱུར་ཡི།
འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ སྡེ་ཚན་གྱིས་ཡང་ རྩ་འགེངས་རྩེད་འགྲན་འབད་མི་ལུ་བརྟེན་ སྐར་མ་༡༥ ལུ་ ཁེན་འཇར་ཨང་༡༥ པ་ བསོད་ནམས་བཟང་མོ་གིས་ གཱོལ་༡ བཙུགས་རུང་ གདུང་སམ་ཨེ་ཀ་ཌ་མིག་སྡེན་ཚན་གྱི་ པདྨ་ལྷམོ་གིས་ སྐར་མ་༢༦ དང་༢༨ ལུ་ འབྱེལཝ་འབྱེལ་སར་ གཱོལ་༢ བཙུགས་ཏེ་ རྩེད་འགྲན་གྱི་ བར་མཚམས་དང་པ་དེ་ མཇུག་བསྡུ་ཡི།
རྩེད་འགྲན་གྱི་ བར་མཚམས་༢ པ་ འགོ་བཙུགས་ཏེ་ སྐར་མ་༥ ལངམ་ད་ གདུང་བསམ་ཨེ་ཀ་ཌ་མིག་སྡེ་ཚན་གྱི་ པདྨ་དབང་མོ་གིས་ གཱོལ་བཙུགས་ཡོདཔ་བཞིན་དུ་ སྐར་མ་༡༥ ལུ་ ད་རུང་ མོ་གིས་ གཱོལ་བཙུགས་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་གྱིས་ཡང་ རྩ་འགེངས་རྩེད་འགྲན་འབད་ནི་དེ་གིས་ སྐར་མ་༡༧ ལུ་ བསོད་ནམས་བཟང་མོ་གིས་ གཱོལ་༡ བཙུགས་ཏེ་ མཐའ་ཅད་རྩེད་འགྲན་དེ་ མཇུག་བསྡུ་ཡི།
རྒྱལ་ཁ་ཐོབ་མི་ སྡེ་ཚན་གྱིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༠,༠༠༠ ཐོབ་ཡོདཔ་བཞིན་དུ་ ཨང་༢ པ་ཐོན་མི་ སྡེ་ཚན་གྱིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ ཐོབ་ཡོདཔ་མ་ཚད་ རྩེད་འགྲན་པ་ཚུ་ལུ་ རྟགས་མ་ཚུ་ཡང་བྱིན་ཡི།
སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འགོ་བཙུགས་མི་ རྩེད་འགྲན་དེ་ འབྲུག་ཕུཌ་བཱོལ་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་དེ་ནང་ བསམ་གྲུབ་ལྗོངས་མཁར་ནང་འཁོད་ལས་ སྡེ་ཚན་༩ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ འཛུལ་འཐུས་ཚུ་ ག་ནི་ཡང་ སྤྲོད་མ་དགོཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ དེ་བཟུམ་མའི་ རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་དེ་ཅིག་ མ་འཐོབ་ནི་དེ་གིས་ རྩེད་རིགས་ཚུ་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ལས་ རྩེད་རིགས་ཚུ་ལུ་ སྤྲོ་བ་བསྐྱེད་ནི་དང་ སྦྱང་བ་ལེགས་ཤོམ་ཚུད་ཐབས་ལུ་ རེས་གཟའ་ཟླཝ་ཨ་རྟག་ར་ རྩེད་འགྲན་རེ་རྐྱངམ་གཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ མ་འོངས་པར་ ཨམ་སྲུ་ཚུ་གིས་ རྩེད་རིགས་ལ་སོགས་པ་ཚུ་ལུ་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ འབྲུག་ཕུཌ་བཱོལ་ཚོགས་པ་གིས་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ སྡེ་ཚན་རེ་ལུ་ དངུལ་ཀྲམ་༡༠,༠༠༠ རེ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *