འགྲོ་འགྲུལ་བཀག་དམ་ ཕར་འགྱངས་འབད་ཡོད་པའི་ གདུང་བསམ་རྩི་ས་ལས་འཛིན་གྱི་ས་ཁོངས།

གདུང་བསམ་རྩི་ས་ལས་འཛིན་གྱི་ས་ཁོངས་ནང་ འགྲོ་འགྲུལ་བཀག་དམ་ ཕར་འགྱངས་འབད་ཡོདཔ།

༉ ཁ་ཙ་ལས་ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ གདུང་བསམ་རྩི་ས་ལས་འཛིན་གྱི་ ས་ཁོངས་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ཚུ་ ཐོན་ཡོདཔ་ལས་ མི་སྡེའི་ནང་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་ ཕར་འགྱངས་འབད་ཡི།

དེ་ཡང་ ཉིནམ་༣ གྱི་ འགྲོ་འགྲུལ་བཀག་དམ་ མཇུག་བསྡུ་བའི་ཤུལ་ལས་ ཕར་འགྱངས་འབད་ཡོདཔ་བཞིན་དུ་ འགྲོ་འགྲུལ་བཀག་དམ་དེ་ ཤུལ་མའི་ གསལ་བསྒྲགས་མ་འབད་ཚུན་ གནས་ནི་ཨིན་པས།

དྲུང་ཁག་ལས་བྱེད་ཚོགས་ཆུང་གིས་ འབྲུག་གློག་མེ་ལས་འཛིན་དང་ གདུང་བསམ་རྩི་ས་ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་ བཙན་ཀ་རི་ གདུང་བསམ་གྱིབ་ཆས་ཚད་འཛིན་ སོག་པོ་རོང་ རོག་ནོ་ཝང་དང་ ཀང་རི་ཟི་ཚུ་བརྩིས་ཏེ་ རྡོབ་ཟམ་ལས་ ག་ཤ་རི་བ་ལེ་ཚུན་ ས་ཁོངས་ཚོས་གཞི་དམརཔོ་སྦེ་ གསལ་བསྒྲགས་འབད་ནུག།

དེ་བཟུམ་སྦེ་ ཁ་ལག་ཏང་ཟོར་དང་མཚོ་རྒྱབ་ གྲྭ་ཚང་ དྲུང་ཁག་ཁྲིམས་ཁང་ དྲུང་ཁག་གི་ས་ཁོངས་དང་ དྲང་ས་རྒྱབ་ཚུ་བརྩིས་ཏེ་ རྡོབ་ཟམ་ལས་ ཨར་མི་པོག་ཏོ་ཚུན་ ས་ཁོངས་ཚོས་གཞི་སེརཔོ་སྦེ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ དྲུང་ཁག་གི་ རྒེད་འོག་ཆ་མཉམ་ར་ ཚོས་གཞི་ལྕང་ཁའི་ ས་ཁོངས་སྦེ་ གསལ་བསྒྲགས་འབད་ནུག།

དྲུང་ཁག་ལས་བྱེད་ཚོགས་ཆུང་གི་ གསལ་བསྒྲགས་དང་འཁྲིལཝ་ད་ ཚོས་གཞི་དམརཔོ་ནང་ སྡོད་མི་ཚུ་གིས་ འགྲོ་འགྲུལ་འབད་མི་ཆོག་ནི་ཨིནམ་བཞིན་དུ་ གདུང་བསམ་རྩི་ས་ལས་འཛིན་དང་ གདུང་བསམ་གྱིབ་ཆས་ཚད་འཛིན་༢ ཀྱིས་ རང་སྲུང་ས་ཁོངས་དམ་དམ་ཐོག་ ལཱ་འབད་དགོ་པའི་ཁར་ ཅ་ཆས་དང་ ཐོན་སྐྱེད་སྐྱེལ་འདྲེན་ཚུ་ ས་ཁོངས་ངོས་འཛིན་དང་བསྟུན་ འབད་ཆོག་ནི་ཨིན་པས།

གདུང་བསམ་རྩི་ས་ལས་འཛིན་གྱིས་ མཁོ་ཆེ་བའི་ཅ་ཆས་ཚུ་ རྡོབ་ཟམ་ལས་ ལེན་པའི་ཤུལ་ལུ་ ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་དང་ རང་སྲུང་ས་ཁོངས་ག་རའི་ནང་ སྐྱེལ་སྤྲོད་འབད་དགོཔ་བཞིན་དུ་ གདུང་བསམ་གྱིབ་ཆས་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་པ་༢ ཀྱིས་ བཙན་ཀ་རི་ཚོགས་པ་དང་ མཉམ་འབྲེལ་འབད་ཐོག་ ལྷག་ལུས་ས་ཁོངས་ཚུ་ནང་ སྐྱེལ་སྤྲོད་འབད་དགོཔ་ཨིན་པས།

ཚོས་གཞི་དམརཔོ་དང་ སེརཔོ་༢ ཆ་རའི་སློབ་གྲྭ་ཚུ་ སྒོ་བསྡམ་བཞག་ནི་ཨིན་རུང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་ཐོག་ སློབ་སྟོན་འབད་དགོཔ་ཨིན་པས།

གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཚོས་གཞི་སེརཔོ་ ངང་ལམ་ཁྲོམ་གྱི་ བཅད་མཚམས་ས་ཁོངས་དང་པ་དང་༢ པའི་ནང་ སྣུམ་འཁོར་འགྲོ་འགྲུལ་འབད་མི་ཆོག་ནི་ཨིན་རུང་ མི་ཚུ་གིས་ འགྲུལ་སྐྱོད་ཤོག་འཛིན་འབད་ཐོག་ ལས་བྱེད་ཚོགས་ཆུང་གིས་ ངོས་འཛིན་འབད་མི་ ཚོང་ཁང་ཚུ་ནང་ མཁོ་ཆེ་བའི་ཅ་ཆས་ཚུ་ཉོ་བར་ འགྱོ་ཆོག་ནི་ཨིན་པས།

ས་ཁོངས་བཙན་མཚམས་ཚུ་ནང་ དྲོ་པའི་ཆུད་ཚོད་༩ ལས་༡༡ དང་ ཉིན་མའི་ཆུ་ཚོད་༡༢ ལས་༢ དེ་ལས་ ཕྱི་རུའི་ཆུ་ཚོད་༣ ལས་༥ ཚུན་འབདཝ་ད་ དུས་ཡུན་ཆུ་ཚོད་༢ རེ་སྦེ་ འགྲོ་འགྲུལ་ཁག་༣ སྦེ་ཡོདཔ་ད་ འགྲུལ་སྐྱོད་ཤོག་འཛིན་དེ་ ཁྱིམ་གུང་པ་༡ ལས་ འཐུས་མི་༡ རྐྱངམ་གཅིག་གིས་ ལག་ལེན་འཐབ་ཆོག་ནི་ཨིནམ་བཞིན་དུ་ ཤོག་འཛིན་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཁྱིམ་ཚང་ཚུ་ལུ་ བྱིན་མི་ཆོག་ནི་ཨིན་པས།

ལས་བྱེད་ཚོགས་ཆུང་གིས་ ངོས་འཛིན་འབད་མི་ ཚོང་ཁང་ཚུ་གིས་འབད་རུང་ ཅ་ཆས་ཚུ་གི་ གོང་ཚད་ཚུ་ གསལ་སྟོན་དང་ གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་ནི་ལས་ འཛེམ་ཐབས་ལུ་ ཅ་ཆས་ཚུ་ ཧེ་མ་ལས་ ཤོག་སྒམ་རྐྱབ་ནི་ དེ་ལས་ འབྲུག་ཊེསི་དང་ དངུལ་རྐྱང་སྦེ་མེན་པར་ ཨིན་ཊར་ནེཌ་བེང་ཀིང་ཚུ་ ལག་ལེན་འཐབ་དགོཔ་ཨིན་པས།

ས་ཁོངས་ཚོས་གཞི་ལྕང་ཁའི་ནང་གི་ ཚོང་ཁང་ཚུ་གིས་ ཅ་ཆས་ཚུ་ ཁོང་རའི་ས་ཁོངས་ནང་ལས་ ཚོས་གཞི་སེརཔོ་དང་ ལྕང་ཁའི་བར་ན་ ངོས་འཛིན་འབད་མི་ ས་ཁོངས་ཚུན་ སྐྱེལ་སྤྲོད་འབད་ཆོག་ནི་ཨིན་རུང་ ཁོང་ཆ་ཁྱབ་ ཚོས་གཞི་སེརཔོ་ནང་ འཛུལ་མི་ཆོག་ནི་ཨིན་པས།

ས་ཁོངས་ཚོས་གཞི་དམརཔོ་གི་ འགྲོ་འགྲུལ་བཀག་དམ་ལྷོད་ཡངས་དེ་ སྤྱི་ཟླ་༧ པའི་ཚེས་༡༠ དང་ ཚོས་གཞི་སེརཔོ་གི་དོན་ལས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ འབད་ནི་ཨིན་མི་ མི་མང་བརྟག་དཔྱད་ཀྱི་ གྲུབ་འབྲས་ཚུ་ལུ་ རག་ལས་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *